ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་གི་རི་སྐྱེས་སྲོག་ཆགས་རོགས་སྐྱོབ་ཀྱི་བྱ་དགའ་སྤྲོད་ཐབས་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ།
གསར་འགོད་པར་མེ་ཏོག་རྫོང་ནགས་ལས་དང་རྩྭ་ཐང་ཅུས་ནས་ཤེས་རྟོགས་བྱུང་བར། 《མེ་ཏོག་རྫོང་གི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་མཐུན་ཚོགས་ཀྱི་རི་སྐྱེས་སྲོག་ཆགས་རོགས་སྐྱོབ་ཀྱི་བྱ་དགའ་སྤྲོད་ཐབས》2026ལོའི་ཟླ་3ཚེས་30ཉིན་ལག་ལེན་བསྟར་བ་ནས་ད་བར། རྫོང་ཡོངས་ཀྱིས་རིམ་རྩིས་བརྒྱབ་ན་རི་སྐྱེས་སྲོག་ཆགས་རོགས་སྐྱོབ་གྱོད་གཞི་ཁག་8དང་ཁྱོན་མགོ་གྲངས་9རྩིས་ལེན་དང་ཚད་ལྡན་ཐག་གཅོད་བྱས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་ཡར་ཀླུང་གཙང་པོའི་གྲོག་རོང་གི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བསྲུངས་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་དུས་ཀྱི་རི་སྐྱེས་སྲོག་ཆགས་རོགས་སྐྱོབ་བྱེད་པའི་གྱོད་གཞིའི་ཁྲོད་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་གཙོ་གནད་སྲུང་སྐྱོབ་རི་སྐྱེས་སྲོག་ཆགས་མགོ་གྲངས་6དང་། རྒྱལ་ཁབ་ཀྱི“གསུམ་ལྡན”སྲུང་སྐྱོབ་རི་སྐྱེས་སྲོག་ཆགས་མགོ་གྲངས་3ཡོད། རོགས་སྐྱོབ་ཁུངས་སྣེ་ཚང་མ་གཞི་རིམ་གྱི་སྐོར་སྲུང་པའི་རྒྱུན་གཏན་གྱི་སྐོར་ཞིབ་དང་དེ་བཞིན་ས་གནས་དེ་གའི་མང་ཚོགས་ཚོས་རང་འགུལ་ངང་གོང་ཞུ་བྱས་ནས་ཐོབ་པ་ཤ་སྟག་རེད། ནུས་ལྡན་གྱི་ཁུངས་སྣེ་མཁོ་འདོན་བྱེད་མཁན་དང་དེ་བཞིན་རོགས་སྐྱོབ་བྱེད་རོགས་བྱེད་མཁན“ཤེས་རྟོགས་མཁན་དང་པོའམ་ཡང་ན་གནས་ཚུལ་གོང་ཞུ་མཁན”ལ 《མེ་ཏོག་རྫོང་གི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་མཐུན་ཚོགས་ཀྱི་རི་སྐྱེས་སྲོག་ཆགས་རོགས་སྐྱོབ་ཀྱི་བྱ་དགའ་སྤྲོད་ཐབས》ཀྱི་གཏན་འབེབས་གཞིར་བཟུང་དངོས་པོའི་བྱ་དགའ་སྤྲོད་ཀྱི་ཡོད་པ་རེད།
ཆེད་ལས་པའི་དཔྱད་དཔོག་དཔྱད་འདོམས་བརྒྱུད། ཉེ་དུས་རོགས་སྐྱོབ་བྱས་པའི་རི་སྐྱེས་སྲོག་ཆགས་ཁྲོད་རི་སྐྱེས་སྲོག་ཆགས་4དྲག་སྐྱེད་བྱུང་རྗེས་ནགས་ཁྲོད་དུ་གློད་པ་དང་། རི་སྐྱེས་སྲོག་ཆགས་2དགུ་ཐང་ཤང་གི་རི་སྐྱེས་སྲོག་ཆགས་རོགས་སྐྱོབ་ལྟེ་གནས་སུ་བསྐྱལ་ནས་རྗེས་མའི་དྲག་སྐྱེད་དང་ལྟ་ཞིབ་བྱས་པ། རྨས་སྐྱོན་ཚབས་ཆེན་ཕོག་པའི་རི་སྐྱེས་སྲོག་ཆགས་1བརྒྱུད་རིམ་ལྟར་རང་སྐྱོང་ལྗོངས་ཀྱི་ས་མཐོའི་སྐྱེ་དངོས་ཞིབ་འཇུག་ཁང་དུ་བསྐྱལ་ནས་ཆེད་ལས་སྐྱོབ་བཅོས་བྱས་པ། གཞན་ཡང་རི་སྐྱེས་སྲོག་ཆགས་2རྨས་སྐྱོན་ཚབས་ཆེན་ཕོག་ནས་མྱུར་སྐྱོབ་བྱས་ཀྱང་ཕན་འབྲས་མ་ཐོན་པར་ཕྱི་རོལ་དུ་ཤི་བས་འབྲེལ་ཡོད་སྒྲིག་སྲོལ་ལྟར་གནོད་མེད་ཅན་གྱི་ཐག་གཅོད་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།