དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • སྐྱེ་ཁམས་ཁོར་ཡུག་ཡག་པོ་བསྲུངས་ནས་རིག་གནས་ཡུལ་སྐོར་གྱི་ལེའུ་གསར་མཉམ་དུ་རྩོམ།

    ​—— ཚོགས་ཞུགས་སྐུ་མགྲོན་ཚོས་ས་མཐོའི་རིག་གནས་ཡུལ་སྐོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐོར་ལྷུག་པོར་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-07-21

    “འདི་གའི་ཡུལ་ལྗོངས་དང་གནམ་གཤིས་ཡག་པོ་ཧང་སངས་དགོས་པ་ཞིག་འདུག”ཅེས་ཀྲུང་གོའི་བོད་ལྗོངས“ཧི་མ་ལ་ཡའི་མཐའ་འཁོར”གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་སྐབས་ལྔ་པ་འཚོག་རིང་། གླེང་སྟེགས་ལ་ཞུགས་མཁན་སྐུ་མགྲོན་ཚོས་བྲག་གསུམ་མཚོ་དང་ཀླུ་ནང་གི་ནགས་ཚལ་དང་མཛེས་ལྗོངས་ཁུལ་དུ་ས་མཐོའི་མཛེས་ཤིང་དྭངས་གཙང་གི་སྐྱེ་ཁམས་མཛེས་ལྗོངས་དངོས་སུ་མྱོང་རོལ་བྱས་པས་གྲུབ་འབྲས་ཕུན་སུམ་ཚོགས་པོ་ཐོབ་པ་དང་བསྔགས་བརྗོད་ཡང་ཡང་ཐོབ་ཡོད།

    སྐྱེ་ཁམས་ནི་བོད་ཀྱི་གཞི་མདངས་མཛེས་ཤོས་ཤིག་རེད་ལ། ས་མཐོའི་རིག་གནས་ཡུལ་སྐོར་གྱི་གཏིང་ཤུགས་ཆེ་ཤོས་ཤིག་ཀྱང་རེད། སྐབས་འདིའི་གླེང་སྟེགས་ཀྱི“ས་མཐོའི་རིག་གནས་ཡུལ་སྐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས”ཡན་ལག་གླེང་སྟེགས་ཐོག རིག་གནས་ཡུལ་སྐོར་རིག་གཞུང་དང་། བོད་རིག་པའི་རིག་རྫས། ཁྲོམ་རའི་ཐོན་ལས། གྲངས་འཛིན་ཚན་རྩལ་གསར་གཏོད་སོགས་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་དང་། མཁས་དབང་། ལས་རིགས་ཀྱི་འཐུས་མི་བཅས་མཉམ་དུ་འཛོམས་ནས་ས་མཐོའི་རིག་གནས་ཡུལ་སྐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལྟེ་བའི་གཙོ་རྐང་ལ་དམིགས་ཏེ། སྐྱེ་ཁམས་རྨང་གཞི་དང་། རིག་གནས་ནང་དོན། ཐོན་ལས་གསར་གཏོད་བཅས་རིམ་པ་གསུམ་ནས་སྤེལ་རེས་དང་གྲོས་བསྡུར་གཏིང་ཟབ་བྱས་ཏེ་ཧི་མ་ལ་ཡའི་མཐའ་འཁོར་ས་ཁོངས་ཀྱི་ས་ཁོངས་སྒྲོལ་བ་དང་། རྒྱལ་མཚམས་སྒྲོལ་བ། སྣ་མང་གི་རིག་གནས་ཡུལ་སྐོར་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་བཏང་ནས། དུས་རབས་གསར་པའི་ས་མཐོའི་རིག་གནས་ཡུལ་སྐོར་གྱི་སྤུས་ཚད་མཐོ་རུ་དང་རིམ་པ་སྤར་ནས་སྒོ་དབྱེ་གཉིས་ཕན་གྱི་འཕེལ་རྒྱས་ཐད་ཐབས་འདོན་ཇུས་འབུལ་བྱས་ཡོད།

    “གོ་ལ་ཧྲིལ་པོའི་རི་ཁུལ་གྱི་རིག་གནས་ཡུལ་སྐོར་ཐོན་ཁུངས་དང་ཐོན་རྫས་ལ་རྟོག་ཞིབ་བྱས་པར་གཞིགས་ན། ཧི་མ་ལ་ཡའི་མཐའ་འཁོར་དང་མཚོ་བོད་ས་མཐོ་ལྟེ་བར་བྱས་པའི་ས་མཐོའི་རིག་གནས་ཡུལ་སྐོར་ལ་ཡོ་རོབ་དང་ཨ་རིའི་རི་ཁུལ་དུ་བསྐྱར་ཟློས་བྱེད་ཐབས་བྲལ་བའི་ཤར་ཕྱོགས་ཀྱི་ཧ་ཅང་དཀོན་པའི་ཐོན་ཁུངས་ཡོད། གོ་ལ་ཧྲིལ་པོའི་རི་ཁུལ་གྱི་མཉམ་ལས་མ་ལག་ཁྲོད་དེ་ནི་ཡོ་རོབ་དང་ཨེ་ཤེ་ཡ་འབྲེལ་མཐུད་དང་ལྷོ་བྱང་ཕྱེད་གླིང་རི་ཁུལ་སྤེལ་རེས་དང་མཉམ་འགུལ་བྱེད་པའི་ལྟེ་བའི་འཐབ་ཇུས་ཀྱི་ལྟེ་གནས་དེ་བས་རེད”ཅེས་འཛམ་གླིང་ཡུལ་སྐོར་མནའ་འབྲེལ་ཞིབ་འཇུག་ཁང་གི་དབུ་བཞུགས་ཞིབ་འཇུག་པ་ཝང་ཁུན་ཤིན་གྱིས་ས་མཐོའི་རིག་གནས་ཡུལ་སྐོར་གྱི་ཧེ་བག་ཅན་གྱི་འཕེལ་རྒྱས་ལེགས་ཆར་དབྱེ་ཞིབ་གནད་སྨིན་བྱས་ཡོད། ཁོང་གིས། ཧི་མ་ལ་ཡའི་མཐའ་འཁོར་ས་ཁོངས་ཀྱི་རྒྱལ་སྤྱིའི་འགྲན་ནུས་ཆེ་རུ་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ནི་ཐུན་མོང་མ་ཡིན་པའི་ས་མཐོའི་ཐོན་ཁུངས་ལ་བརྟེན་པ་དང་། རྒྱལ་སྤྱིའི་བྱང་ཆུབ་པའི་ཉམས་མྱོང་དཔྱད་གཞིར་འཛིན་པ། བོད་ཀྱི་ལག་ལེན་སྣེ་ཁྲིད་དུ་བྱེད་པ་བཅས་བྱས་ཏེ་ཡོ་རོབ་དང་ཨ་རིའི་ཚོང་ལས་ཅན་གྱི་རི་ཁུལ་དང་མི་འདྲ་བའི་ཤར་ཕྱོགས་ས་མཐོའི་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུ་དེ་རེད་ཅེས་བརྗོད།

    སྐྱེ་ཁམས་ཀྱིས་རྨང་གཞི་བསྐྲུན། རིག་གནས་ཀྱིས་བླ་སྲོག་བཏོད། ཇི་ལྟར་བྱས་ནས་རིག་གནས་ཀྱི་སྔར་ཡོད་རྣམ་པ་བརྟན་སྲུང་དང་། གསོན་ཉམས་ལྡན་པའི་རྒྱུན་འཛིན་ཡག་པོ་བྱེད་པ། ས་མཐོའི་རིག་གནས་དེ་རིག་གནས་ཡུལ་སྐོར་སྤུས་རྟགས་ཀྱི་ལྟེ་བའི་ནང་དོན་དུ་འགྱུར་བ་བྱ་རྒྱུ་བཅས་ཀྱང་ད་ཐེངས་ཀྱི་གྲལ་སྒོར་གླེང་སྟེགས་ཐོག་གླེང་མང་བའི་གནད་དོན་དུ་གྱུར་ཡོད།

    ཚོགས་ཞུགས་སྐུ་མགྲོན་ཚོས། ས་མཐོའི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་བར་རིག་གནས་ཀྱི་སྔར་ཡོད་རྣམ་པ་བརྟན་སྲུང་བྱས་ནས་ཐལ་དྲགས་པའི་ཚོང་ལས་ཅན་དང་། འཁྲབ་སྟོན་ཅན། སིལ་ཧྲུག་ཅན་བཅས་ཀྱི་བཅོས་སྒྲིག་གཏན་འགོག་བྱེད་དགོས་པ་དང་། ས་གནས་དེ་གའི་རིག་གནས་ཀྱི་སྔར་ཡོད་རྣམ་པར་གཞི་ཚུགས་ཏེ་གྲོང་གསེབ་ཀྱི་ཉམས་འགྱུར་དང་། མི་རིགས་ཀྱི་དུས་སྟོན། སྲོལ་རྒྱུན་ལག་རྩལ། མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་སོགས་ཁྱད་ལྡན་ཐོན་ཁུངས་ཤེས་རྟོགས་གཏིང་ཟབ་བྱེད་པ་དང་། དབྱིངས་ཞུགས་རྣམ་པ་དང་། ཉམས་ལེན་རྣམ་པ། ཞིབ་སློབ་རྣམ་པ་བཅས་ཀྱི་རིག་གནས་ཡུལ་སྐོར་ཐོན་རྫས་གསར་སྤེལ་ཤུགས་ཆེན་བྱས་ནས། ཡུལ་སྐོར་བར་གདོད་མའི་སྐྱེ་ཁམས་དང་ལྷད་མེད་ཀྱི་བོད་ཡུལ་གྱི་དམངས་སྲོལ་རིག་གནས་མྱོང་རོལ་ཐུབ་པ་དང་ས་མཐོའི་རིག་གནས་ཀྱི་གཏིང་ཟབ་པའི་ནང་དོན་རྟོགས་ཐུབ་པར་བྱེད་དགོས། དེ་དང་ཆབས་ཅིག་བོད་ཀྱི་རིག་གནས་སྲུང་སྐྱོང་གི་ཕུགས་ཕན་ལམ་སྲོལ་འཛུགས་རྒྱུ་མཐའ་འཁྱོངས་བྱས་ནས་སྲོལ་རྒྱུན་རིག་གནས་གསར་གཏོད་རང་བཞིན་གྱི་སྒོ་ནས་གཞན་སྒྱུར་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ས་མཐོའི་རིག་གནས་ཡུལ་སྐོར་གྱི་སྤུས་རྟགས་རྒྱུན་རིང་འཕེལ་རྒྱས་འགྲོ་བར་རིག་གནས་ཀྱི་འདེགས་སྐྱོར་བརྟན་པོ་བྱེད་དགོས་ཞེས་གཅིག་རྗེས་གཉིས་མཐུད་དུ་བརྗོད།

    སྤུས་རྟགས་གཞན་སྒྱུར་དང་རྒྱལ་སྤྱིའི་ཁྱབ་སྤེལ་ཐད། ཝུའུ་ཧན་སློབ་ཆེན་རྒྱལ་ཁབ་རིག་གནས་འཕེལ་རྒྱས་ཞིབ་འཇུག་ཁང་གི་ཡོན་ཀྲང་ཧྥུའུ་ཚའེ་ཝུའུ་ཡིས་ས་མཐོའི་རིག་གནས་ཁྲོམ་ར་དང་འཛམ་གླིང་ཐོག་སྐྱོད་དགོས་ཚེ་ངེས་པར་དུ་ཀྲུང་གོའི་བོད་ལྗོངས་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རང་བརྟེན་ཤེས་བྱའི་མ་ལག་གཏོད་དགོས་པའི་ངོས་འཛིན་བྱས།

    ད་ཐེངས་ཀྱི་གླེང་སྟེགས་ཐོག་ལས་རིགས་ཀྱི་བློ་གྲོས་གསར་ཤོས་གཅིག་ཏུ་བསྡུས་པ་མ་ཟད། བོད་ཀྱི་རིག་གནས་ཡུལ་སྐོར་ལས་རིགས་རྒྱལ་ཡོངས་དང་གོ་ལ་ཧྲིལ་པོར་སྦྲེལ་མཐུད་བྱེད་པའི་རྩེར་སོན་ལས་སྟེགས་བསྐྲུན་ནས། ཤེས་ལྡན་པ་དང་། ལག་རྩལ། ཁྲོམ་ར། ཐོན་ལས་འཁོར་འབྲེལ་སོགས་སྤུས་ལེགས་ཐོན་ཁུངས་ཕྱོགས་གཉིས་སུ་འཁོར་རྒྱུག་དང་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་ཡོད།

    སུའེ་ཀྲུང་བོད་མིའི་ཚོང་ཚོགས་ཀྱི་ཚོགས་གཙོ་ཆབ་འབྲེལ་ཚང་ཆོས་བསྟན་གྱིས“རང་ངོས་ཀྱི་ཕྱི་རྒྱལ་གྱི་ཐོན་ཁུངས་དང་ལས་རིགས་ཀྱི་ཉམས་མྱོང་དང་ལེགས་ཆ་གང་ལེགས་བཏོན་ནས། ཡོ་རོབ་ཀྱི་བྱང་ཆུབ་པའི་ཡུལ་སྐོར་གཉེར་སྐྱོང་དང་གསོལ་མགྲོན་ཁང་དོ་དམ་བྱེད་སྟངས་བོད་དུ་ནང་འདྲེན་བྱེད་པ་དང་ཆབས་ཅིག་བོད་ཀྱི་ཁྱད་ལྡན་རིག་གནས་ཐོན་ལས་ཕྱི་ཕྱོགས་སུ་ངོ་སྤྲོད་ཧུར་ཐག་བྱས་ནས་ཀྲུང་ཕྱིའི་རིག་གནས་ཡུལ་སྐོར་སྤེལ་རེས་ཀྱི་འབྲེལ་ཟམ་བསྐྲུན་ཏེ། ཧི་མ་ལ་ཡའི་མཐའ་འཁོར་ས་ཁོངས་ཀྱི་རྒྱལ་སྒྲོལ་རིག་གནས་ཡུལ་སྐོར་མཉམ་ལས་གཏིང་ཟབ་བྱེད་ཀྱི་ཡིན”ཞེས་བརྗོད།

    ས་མཐོའི་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་རྩ་བ་ཐོག་མཐའ་བར་གསུམ་དུ་རང་ཡུལ་དུ་ཚུགས་ནས་མཐར་མི་རིགས་ཁག་གི་མང་ཚོགས་ལ་ཕན་པ་ཐོབ་པར་བྱེད་དགོས། ཚོགས་ཞུགས་སྐུ་མགྲོན་ཞིག་གིས་གཉེར་སྐྱོང་བྱེད་པོ་ཁག་གིས་ལྗོངས་ཡོངས་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་དམ་པོར་བརྟེན་ནས་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་སྲུང་བ་དང་། ས་གནས་དེ་གའི་རིག་གནས་རྒྱུན་འཛིན་བྱེད་པ། མང་ཚོགས་ལ་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱེད་པ། ཕུགས་ཕན་ཐོན་ལས་ཟབ་སྤེལ་བཅས་བྱས་ཚེ། གཞི་ནས་སྲིད་གཞུང་དང་། ཁེ་ལས། ས་གནས་དེ་གའི་མང་ཚོགས་བཅས་དང་ས་མཐོའི་སྐྱེ་ཁམས་རྒྱུན་མཐུད་ཆོག་པའི་ཕྱོགས་མང་གཉིས་ཁེ་ཡོང་ཐུབ་ཅེས་བརྗོད།

    བོད་ཀྱིས་འགོ་འཛུགས་ས་གསར་པར་གཞི་ཚུགས་ནས་ད་ཐེངས་ཀྱི་གླེང་སྟེགས་གོ་སྐབས་སུ་བཟུང་སྟེ། ཧི་མ་ལ་ཡའི་མཐའ་འཁོར་ས་ཁོངས་ཀྱི་རིག་གནས་ཡུལ་སྐོར་མཉམ་ལས་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་ནས། སྐྱེ་ཁམས་དང་། རིག་གནས། ཐོན་ལས་བཅས་ལྟེ་བའི་ལེགས་ཆ་ཆེན་པོ་གསུམ་དོན་གཉེར་གཏིང་ཟབ་ཀྱིས་རིག་གནས་ཡུལ་སྐོར་འཕེལ་རྒྱས་གཏོང་སྟངས་རྒྱུན་ཆད་མེད་པར་གསར་གཏོད་དང་ཕྱི་ཕྱོགས་སྒོ་དབྱེའི་རྣམ་པ་རྒྱ་ཆེར་བཏང་སྟེ་དུས་རབས་གསར་པའི་ས་མཐོའི་རིག་གནས་ཡུལ་སྐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་རྒྱུ་རེད།


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།