གྲམ་ཐང་ནས་གཡུ་གཞོང་བར།
ཡར་ཉང་འདམ་རའི་སྐྱེ་ཁམས་ཀྱི་ཉམས་དགའ་བའི་འཕོ་འགྱུར་སྐོར་བཀོད་པ།
དབྱར་ཁ་བོད་ལྗོངས་ཉིང་ཁྲིར་ཉང་ཆུ་གཙང་པོ་གྱ་གྱུར་རྒྱུག་པ་དང་། ལུང་གཞུང་དུ་ཡུག་འབྲེལ་གྱི་རྩི་ཤིང་་སྔོ་ཐིང་ཐིང་དུ་སྐྱེས་ཤིང་། སྐབས་འགར་ཆུ་བྱ་རང་དགར་འཕུར་ལྡིང་བྱེད་པ་སོགས་སྐྱེ་སྟོབས་ཀྱི་དཔལ་འབར་བའི་ཆུ་ཁོངས་དེ་ནི་བོད་ལྗོངས་ཡར་ཉང་རྒྱལ་ཁབ་འདམ་རའི་སྤྱི་གླིང་རེད།
བོད་ལྗོངས་ཡར་ཉང་རྒྱལ་ཁབ་འདམ་རའི་སྤྱི་གླིང་གི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆིང་8738ཡོད་ཅིང་། དེའི་ནང་འདམ་ར་སྣ་ཚོགས་ཀྱི་རྒྱ་ཁྱོན་ལ་སྤྱི་ཆིང་5373ཟིན་པ་དེ་ནི་ས་མཐོའི་སྐྱེ་དངོས་སྣ་མང་རང་བཞིན་ཕུན་སུམ་ཚོགས་པའི་ས་ཆ་དང་ཆུ་བྱ་དགུན་སྒྲོལ་བྱ་ཡུལ་ཞིག་ཡིན་པ་མ་ཟད། རང་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་གི་སྲུང་བཅད་གལ་ཆེན་ཞིག་ཀྱང་རེད།
དེང་སྐབས་སྔོ་ལྗང་གིས་རབ་ཏུ་བརྒྱན་པའི་གངས་ལྗོངས་ཀྱི་གཡུ་གཞོང་འདི་ནི་ལོ་བཅུ་ལྷག་ཙམ་གྱི་སྔོན་ལ་བྱེ་རླུང་གིས་ཁེངས་པའི་གྲམ་ཐང་ཞིག་ཡིན་པ་བསམ་ཡུལ་ལས་འདས་པ་ཞིག་རེད།
“དེ་སྔ་ཚང་མས་ཁོར་ཡུག་སྲུང་སྐྱོང་ལ་དོ་སྣང་དེ་ཙམ་བྱེད་ཀྱི་མེད་པས་ཆུ་འགྲམ་གྱི་གང་སར་གད་སྙིགས་ཀྱིས་ཁེངས་པ་དང་ལྗོན་ཤིང་ཐར་ཐོར་ལས་མེད་པས་ཆུ་རྒྱས་སྐབས་ཞིང་ཁ་ཆུས་བསྣུབས་ཀྱི་ཡོད”ཅེས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀླུ་སྟེང་གྲོང་ཚོའི་ཡུལ་མི་དང་ཡར་ཉང་འདམ་ར་དོ་དམ་སྲུང་སྐྱོང་པ་ཕུན་ཚོགས་ཚེ་རིང་གིས་བཤད།
ཡར་ཉང་འདམ་རའི་སྐྱེ་ཁམས་ཁོར་ཡུག་གི་འགྱུར་ལྡོག་དེ་ནི་2009ལོར་འདམ་རའི་སྤྱི་གླིང་ཚོད་ལྟའི་ས་ཚིགས་བསྐྲུན་པ་ནས་འགོ་ཚུགས་ཤིང་རྩྭ་རྩི་ཤིང་བཏབ་པ་བརྒྱུད་ཡར་ཉང་འདམ་རའི་བྱེ་རླུང་རིམ་བཞིན་འཇགས་ཡོད། 2016ལོར་ཡར་ཉང་རྒྱལ་ཁབ་འདམ་རའི་སྤྱི་གླིང་དོ་དམ་ཅུས་དངོས་སུ་སྒོ་བྱང་བཀལ་ནས་བཙུགས་རྗེས་ད་བར་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་1.76བཏང་ནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། སྐྱེ་ཁམས་སླར་གསོ། ཚན་ཞིབ་ཀྱི་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་སོགས་ཀྱི་འདུ་འགོད་ལག་ལེན་བསྟར་བས་འདམ་རའི་སྐྱེ་ཁམས་ཁོར་ཡུག་རིམ་བཞིན་ལེགས་སུ་ཕྱིན་ཡོད།
2016ལོ་ཚུན་དུ། ས་གནས་དེས་ཡར་ཉང་འདམ་རའི་རྒྱུད་ཀྱི་ས་ཞིང་མུའུ་1300ལྷག་ཙམ་ལ་རི་མཐོའི་ཐང་ཤིང་དང་རྒྱ་ལྕང་སོགས་ལྗོན་ཤིང་སྣ་ཚོགས་བཏབ་ཡོད།
ཕུན་ཚོགས་ཚེ་རིང་གིས་རྩྭ་རས་དང་འཇབ་ཙེ་ཁྱེར་ནས་འདམ་རའི་རྐང་ཐང་ལམ་རྒྱུད་དུ་གད་སྙིགས་སྒྲུག་གིན་ངོགས་གཉིས་ཀྱི་ལྗོན་ཤིང་གི་སྐྱེ་འཚར་ལ་ལྟ་ཞིབ་བྱེད་བཞིན་ཡོད། ད་ལོ་ལོ་63ལ་སླེབས་པའི་ཕུན་ཚོགས་ཚེ་རིང་འདམ་རའི་དོ་དམ་སྲུང་སྐྱོང་པ་བྱས་ནས་ལོ་7སོང་ཡོད།
སྐོར་གཡེང་སྲུང་སྐྱོང་རྒྱུན་ཆད་མེད་པར་བྱས་པ་བརྒྱུད་ཕུན་ཚོགས་ཚེ་རིང་གིས་འདམ་རའི་འགྱུར་ལྡོག་ལ་མྱོང་ཚོར་ཟབ་མོ་བྱུང་ཡོད་ལ། རང་ཉིད་ཀྱིས་འགན་འཁུར་བའི་ས་ཁོངས་ཀྱི་རྩྭ་རྩི་ཤིང་ལ་ཁོང་རྒྱུས་མངའ་ཧ་ཅང་ཆེན་པོ་ཡོད། “དེ་སྔ་ཐང་རྒོད་དུ་ཡོད་པའི་ལྗོན་ཤིང་ནི་གཡས་ངོས་ཀྱི་སྦོམ་ཤོས་གསུམ་པོ་ཡིན་པ་དང་མཐའ་འཁོར་གྱི་ལྗོན་ཤིང་ཚང་མ་ལོ་བཅུའི་གོང་དུ་བཏབ་པ་ཤ་སྟག་རེད། ད་ཆ་ཆེན་པོ་ཆགས་འདུག”ཅེས་ཕུན་ཚོགས་ཚེ་རིང་གིས་ལྗོན་ཤིང་ཁྲོད་དུ་བསྐྱོད་དེ་སྐབས་དེ་དུས་རང་ཉིད་ཀྱིས་བཏབ་པའི་ལྗོང་ཤིང་ལ་དགའ་ཚོར་ཆེན་པོས་ལྟ་བཞིན་དེ་ལྟར་བཤད།
ཡར་ཉང་འདམ་རར་ཕུན་ཚོགས་ཚེ་རིང་ལྟ་བུའི་བདག་སྐྱོང་པ་75ཡོད་པ་དང་། ཁོང་ཚོས་ལོ་འཁོར་མོར་རང་རང་སོ་སོའི་འགན་འཁྲིའི་ས་ཁོངས་སུ་བསྐྱོད་ནས་སྔོ་ལྗང་ཁུལ་དེ་མཉམ་དུ་སྲུང་སྐྱོང་བྱེད་བཞིན་ཡོད།
བདག་སྐྱོང་པས་ཉིན་ལྟར་སྐོར་ཞིབ་སྲུང་སྐྱོང་བྱེད་པ་དང་། རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་འགྲོ་བའི་ཚན་རིག་དང་མཐུན་པའི་ལྟ་ཞིབ་ཚད་ལེན་མ་ལག་གིས་མཉམ་དུ་གཞོགས་འདེགས་བྱས་ནས་ཡར་ཉང་འདམ་ར་སྲུང་སྐྱོང་ལ་འདེགས་སྐྱོར་བརྟན་པོ་བྱས་ཡོད། ས་གནས་དེ་གས་བོད་ལྗོངས་སློབ་ཆེན་སོགས་མཐོ་སློབ་དང་མཉམ་ལས་ཀྱིས་སྔོ་ཁེབས་དང་། འདབ་ཆགས་རིགས། ཆུ་དཔྱད་སོགས་ལ་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་ཕྱོགས་ཡོངས་ནས་བྱས་ཡོད། 2022ལོར་བོད་ཀྱི་ཡར་ཉང་འདམ་རའི་སྐྱེ་ཁམས་མ་ལག་གི་རྒྱལ་ཁབ་ངེས་གནས་ལྟ་ཞིབ་ཚད་ལེན་ཞིབ་འཇུག་ས་ཚིགས་དངོས་སུ་སྒོ་བྱང་བཀལ་ནས་ཡར་ཉང་རྒྱལ་ཁབ་འདམ་རའི་སྤྱི་གླིང་ཚན་རིག་དང་མཐུན་པའི་སྲུང་སྐྱོང་དང་། བེད་སྤྱོད་ལུགས་མཐུན། ཕྱོགས་ཡོངས་ནས་འཕེལ་རྒྱས་བཅས་ཀྱི་དུས་མཚམས་གསར་པར་སླེབས་ཡོད།
ད་ཆ། འདམ་རར་ལྟ་ཞིབ་ཚད་ལེན་བྱས་པའི་ཟིན་ཐོའི་ནང་སྦུ་གུ་ཆུན་པོའི་རྩི་ཤིང་སྣ་ཁ་534དང་རི་སྐྱེས་སྲོག་ཆགས་རིགས་234འཁོད་ཡོད་པ་དང་། སྐྱེ་དངོས་སྣ་མང་རང་བཞིན་རྒྱུན་མཐུད་ཕུན་སུམ་ཚོགས་སུ་ཕྱིན་པ། སྐྱེ་ཁམས་མ་ལག་གི་བརྟན་པོའི་རང་བཞིན་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ཡོད།
འདམ་རའི་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་ཕྱིན་ནས་མཐའ་འཁོར་གྱི་མང་ཚོགས་ལ“སྐྱེ་ཁམས་ཀྱི་ཡོང་འབབ”རག་ཡོད། ཡར་ཉང་འདམ་རའི་ཉེ་འགྲམ་གྱི་བྲག་ཡིབ་ཆུས་ཀླུ་སྟེང་གྲོང་ཚོར་ཁྱོན་དུད་ཚང་75དང་མི་355ཡོད་པ་དང་འདམ་རའི་སྲུང་སྐྱོང་ལས་དོན་དང་ཡུལ་སྐོར་འཕེལ་རྒྱས་ལ་རྒྱུན་མཐུད་སྐུལ་འདེད་བཏང་བ་དང་བསྟུན་ནས་ཀླུ་སྟེང་གྲོང་ཚོའི་མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་ཟམ་མི་ཆད་པར་ཡངས་སུ་ཕྱིན་ཡོད། བྲག་ཡིབ་ཆུས་ཀླུ་སྟེང་གྲོང་ཚོའི་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མི། གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་པ་དབྱངས་སྐྱིད་ལྷ་མོས“མིག་སྔར་གྲོང་ཚོའི་ནང་གི་མང་ཚོགས་70%ལ་ཡར་ཉང་འདམ་རའི་མཛེས་ལྗོངས་ཁུལ་ལ་བརྟེན་ནས་འབབ་འཕར་བྱུང་བ་དང་ས་ཞིང་རྒྱུད་བཤུག་དང་། མཛེས་ལྗོངས་ཁུལ་དུ་ལས་ཞུགས། ཤིང་ཏོག་དང་ཡུལ་ཟོག་ཕྱིར་ཚོང་སོགས་བྱས་པས་ལོ་ཧྲིལ་པོར་གྲོང་ཚོར་འབབ་འཕར་སྒོར་ཁྲི་100ལྷག་ཙམ་ཡོང་བར་སྐུལ་ཁྲིད་ཐུབ་ཡོད”ཅེས་བཤད། 2025ལོར་ཀླུ་སྟེང་གྲོང་ཚོའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་3ལྷག་ཙམ་ཟིན་ཡོད་པ་རེད།
སྐྱེ་ཁམས་ཉམས་ཞན་དུ་འགྲོ་བ་དང་བྱེ་རླུང་གང་སར་འཚུབ་པ་ནས་རྩི་ཤིང་གང་སར་སྐྱེ་བ་དང་ཆུ་བྱ་རང་དགར་འཕུར་ལྡིང་བྱེད་པའི་བར་གྱི་ཡར་ཉང་འདམ་རའི་འགྱུར་ལྡོག་ནི་གངས་ལྗོངས་ས་མཐོའི་སྐྱེ་ཁམས་བརྒྱུད་རིམ་ལྡན་པའི་ངང་བཅོས་སྐྱོང་བྱེད་པའི་གསོན་ཉམས་དོད་པའི་ལག་ལེན་ཞིག་རེད་ལ། མཐའ་མཚམས་མི་རིགས་ཁག་གི་མང་ཚོགས་ཚོས་རི་སྔོན་ཆུ་དྭངས་མི་རབས་ནས་མི་རབས་བར་སྲུང་སྐྱོང་དང་སྙིང་རུས་གཏན་འཁྱོངས་ངང་ལས་དོན་སྒྲུབ་པའི་མི་སེམས་འགུལ་བའི་རྒྱུགས་ལན་ཞིག་དེ་བས་རེད།
(ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་འབྱོར་བའི་གློག་འཕྲིན་གཞིར་བཟུང)
འབྲེལ་ཡོད་གསར་འགྱུར།