དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ནག་ཆུ་གྲོང་ཁྱེར་གྱིས་སྐྱེ་ཁམས་ཁྲིམས་འཛིན་གྱི་སྣ་འདུས་ཐབས་བཟང་སྤྱད་པར་ཕན་འབྲས་ཐོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-07-17

    ཉེ་བའི་ལོ་ཤས་རིང་། ནག་ཆུ་གྲོང་ཁྱེར་གྱི་རིམ་ཁག་ཁྲིམས་ཁང་གིས་མཚོ་བོད་ས་མཐོའི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་འཛུགས་སྐྲུན་གྱི་འཐབ་ཇུས་ངེས་གནས་ལ་གཞི་ཚུགས་པ་དང་། སྐྱེ་ཁམས་ཁོར་ཡུག་ལ་གཏོར་སྐྱོན་གཏོང་བའི་ཉེས་དོན་ཉེས་གསོག་སྣ་ཚོགས་བཅོས་སྒྲིག་ནན་པོ་བྱེད་པར་དམིགས་ཐོག་ཉེས་དོན་ཁྲིམས་སྦྱོར་བདའ་འདེད་དང་ཞོར་སྦྲགས་དམངས་དོན་སྤྱི་ཕན་ཞུ་གཏུག་མཉམ་དུ་ལག་བསྟར་གྱི་ལམ་སྲོལ་ལ་བརྟེན་ནས། ཉེས་དོན་འགན་འཁྲི་བདའ་འདེད་དང་། ཁྲིམས་འགལ་ཐོབ་ཆ་འདེད་འཇལ། སྐྱེ་ཁམས་སྔར་རྒྱུན་བཞིན་སླར་གསོ། ཡོངས་བསྒྲགས་ངང་དགོངས་དག་ཞུ་བ་བཅས་ཟུང་དུ་འབྲེལ་བའི་འཁོར་འབྲེལ་ཧྲིལ་པོའི་གདུབ་ཟུམ་ཐག་གཅོད་མ་ལག་བཙུགས་པས། འབྲེལ་ཡོད་གྱོད་གཞི་ཐོན་ཚད་རིམ་བཞིན་ཆག་པ་མ་ཟད། འབྱུང་རྩ་ནས་དོ་དམ་ཚོད་འཛིན་དང་གཞི་རིམ་གྱི་བཅའ་ཁྲིམས་ཁྱབ་གདལ་དོན་འཁྱོལ་ལ་ཕན་འབྲས་ཐོན་ཏེ། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་གི་ཁྲིམས་འཛིན་རྒྱུགས་ལན་ཞིག་ཕུལ་ཡོད་པ་རེད།

    མཚོ་བོད་ས་མཐོའི་སྐྱེ་ཁམས་ཉམས་ཞན་ཡིན་པ་དང་། མཐོ་གྲང་ཁུལ་གྱི་སྔོ་ཁེབས་སླར་གསོ་བྱེད་འགོར་བ། སླར་གསོའི་དཀའ་ཚད་ཆེ་བ་བཅས་ས་ཁོངས་ཀྱི་ཁྱད་ཆོས་ལ་དམིགས་ནས། ནག་ཆུ་ཁྲིམས་ཁང་གིས་སྐྱེ་ཁམས་སྔར་རྒྱུན་བཞིན་སླར་གསོའི་ཇུས་གཞི་སྔོན་ལ་སྤྱད་དེ། ཁོར་ཡུག་ཐོན་ཁུངས་ལ་གཏོར་སྐྱོན་བཟོ་བའི་གྱོད་གཞི་ཚང་མའི་འགན་འཁྲི་བདའ་འདེད་ཡག་པོ་གཏོང་བ་དང་། སླར་གསོ་གནད་ལ་འཁེལ་བ། སློབ་གསོ་གནད་ལ་འཁེལ་བ་བཅས་ཡོང་བའི་འགན་ལེན་བྱས་པ་རེད།

    སོག་རྫོང་དུ་འདྲི་གཅོད་མཇུག་བསྒྲིལ་བའི་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་རྩི་ཤིང་ལ་གནོད་འཚེ་བཏང་བའི་གྱོད་གཞི་ཞིག་གི་ཞུ་སྦྱོར་ཕྱི་མ་གསུམ་གྱིས་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་གཙོ་གནད་སྲུང་སྐྱོང་གི་རི་སྐྱེས་རྩི་ཤིང་སྲོ་ལོ་དམར་པོ་བསྔོགས་པས་ཁྲིམས་ལྟར་ཉེས་དོན་འགན་འཁྲི་བདའ་འདེད་བཏང་བ་རེད། གྱོད་གཞིར་འདྲི་གཅོད་བྱེད་རིང་ཞུ་སྦྱོར་ཕྱི་མ་གསུམ་པོས་བྱས་ཉེས་ངོས་ལེན་དང་ཆད་གཅོད་ཁས་ལེན་བྱས་ཡོད་ལ་སྐྱེ་ཁམས་ནུས་པར་གནོད་སྐྱོན་བཏང་བའི་གྱོང་གུན་སྒོར་ཁྲི་7.4གྲངས་ཚང་ངང་སྐྱིན་གསབ་འཇལ་བ་དང་འབྲེལ་སྤྱི་ཚོགས་ལ་ཡོངས་བསྒྲགས་དགོངས་དག་ཞུས་པ་རེད། ཁྲིམས་ཁང་གིས་དུས་བཀག་བཙོན་འཇུག་ལོ་གསུམ་དང་ཁྲིམས་ཆད་འགྱངས་གཅོད་ལོ་བཞི་བྱ་རྒྱུའི་ཁྲིམས་ཐག་བཅད་པ་དང་ཆབས་གཅིག་སྐྱེ་ཁམས་སླར་གསོའི་བྱེད་ཐབས་དོན་འཁྱོལ་ལ་གཙོ་གནད་ཐོག་སྐུལ་འདེད་བཏང་ཡོད། གྱོད་དཔེ་དེ་ནི་ནག་ཆུའི་ཁྲིམས་ཁང་གིས“འཁོར་འབྲེལ་ཧྲིལ་པོའི་གདུབ་ཟུམ་ཐག་གཅོད”མ་ལག་ཁྱབ་གདལ་བཏང་བའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་ཡིན་པ་སྟེ། ཉེས་དོན་འགན་འཁྲི་བདའ་འདེད་གཏོང་བ་ནས་གྱོང་གུན་སྐྱིན་གསབ་འཇལ་བའི་བར་དང་། ཡོངས་བསྒྲགས་ངང་དགོངས་དག་ཞུ་བ་ནས་རྗེས་མཐུད་ཀྱི་སྐྱེ་ཁམས་སླར་གསོའི་བར། གཅིག་ལ་གཅིག་སྦྲེལ་གྱིས་གཅིག་ཀྱང་མ་ལུས་པ་བྱས་ཡོད་པ་རེད།

    ཁྲིམས་འཛིན་འདྲི་གཅོད་དང་ཁྲིམས་ལུགས་ཁྱབ་གདལ་སློབ་གསོ་མཉམ་འདྲེས་གཏིང་ཟབ་བྱེད་པ་ནི་ནག་ཆུ་གྲོང་ཁྱེར་གྱི་རིམ་ཁག་ཁྲིམས་ཁང་གི་ཁྱད་ཆོས་མངོན་གསལ་དོད་པོ་ཞིག་རེད། འབྲི་རུ་རྫོང་དུ་རྩ་ཆེ་ཞིང་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་ལ་གནོད་འཚེ་གཏོང་བའི་གྱོད་གཞི་ཡོངས་བསྒྲགས་ངང་འདྲི་ཞིབ་བྱས་པར་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། ཤང་དང་གྲོང་རྡལ་གྱི་ལས་དོན་པ། ནགས་སྲུང་བ་སོགས་མི་60ལྷག་ཙམ་ཟུར་ཉན་དུ་ཡོང་བའི་ཡིད་དབང་བཀུག་ཡོད། ཞུ་སྦྱོར་ཕྱི་མ་གཉིས་ལ་ཟླ་བརྒྱད་དང་ལོ་གཅིག་དང་ཟླ་གསུམ་གྱི་ཁྲིམས་ཆད་སོ་སོར་བཅད་པ་དང་རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་ཀྱི་གྱོང་གུན་སྒོར་ཁྲི་2.4གྲངས་ཚང་ངང་སྐྱིན་གསབ་འཇལ་བ་རེད།

    ཁྲིམས་རའི་འདྲི་གཅོད་དང་། ཁྲིམས་ལུགས་ཁྱབ་གདལ། ཉེན་ཟོན་སློབ་གསོ་བཅས་ཟུང་དུ་འབྲེལ་བའི་བྱེད་སྟངས་སྤྱད་དེ་ས་ཡུལ་དངོས་སུ་ཁྲིམས་ལ་འགྲེལ་བཤད་རྒྱག་པར་བརྟེན་ནས་ནག་ཆུ་གྲོང་ཁྱེར་གྱི་རིམ་ཁག་ཁྲིམས་ཁང་གིས་མཚོ་བོད་ས་མཐོའི་སྐྱེ་དངོས་སྣ་མང་རང་བཞིན་ལ་ཁྲིམས་འཛིན་སྲུང་སྐྱོང་བྱེད་པའི་ལངས་ཕྱོགས་བརྟན་པོ་མངོན་པར་བྱས་ནས། སྐྱེ་ཁམས་སྲུང་སྐྱོང་གི་འདུ་ཤེས་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱི་སེམས་ནང་ཟུག་པར་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།