ཉིང་ཁྲི་གཡུ་ཡི་གཞོང་པ་རུ། རི་བོ་སྔོ་ཞིང་ཆུ་མོ་དྭངས།
—— ཉིང་ཁྲི་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཀྱི་འཐབ་ས་དང་པོའི་མཐོང་ཐོས།

འདི་ནི་ཁེ་ལས་ཀྱི་ལས་དོན་པས་སྨན་གླིང་གྲོང་ཁྱེར་ཤོ་ཁ་གྲོང་ཚོའི་དྲོད་ཁང་ཆེན་པོའི་ནང་ཐད་གཏོང་བརྒྱུད་རང་ཡུལ་གྱི་སྐྱེ་ལྡན་ཤིང་འབྲས་དང་སྔོ་ཚལ་གྱི་སྤུས་རྟགས་ངོ་སྤྲོད་བྱེད་བཞིན་པ།

འདི་ནི་ལས་དོན་པས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་བུ་ཆུ་ཤང་གི་གངས་ལྗོངས་ཀྱི་ལུག་མིག་མེ་ཏོག་འཐོག་བཞིན་པ།

འདི་ནི་ཡུལ་སྐོར་བས་ཉིང་ཁྲི་གྲོང་ཁྱེར་ཀླུ་ནང་གྲོང་རྡལ་དུ་ཡུལ་ལུང་དེ་གའི་མང་ཚོགས་ཀྱི་དམངས་སྲོལ་རྒྱན་གོས་འགྲེམས་སྟོན་ལ་ལྟ་བཞིན་པ།

འདི་ནི་ཡུལ་སྐོར་བས་སྨན་གླིང་གྲོང་ཁྱེར་ཤོ་ཁ་གྲོང་ཚོའི་དྲོད་ཁང་ཆེན་པོའི་ནང“འབྲི་ཏ་ས་འཛིན་ཀྲོ་མ་ཀྲུ”འཐོག་བཞིན་པ།

འདི་ནི་ཡུལ་སྐོར་བས་སྨན་གླིང་གྲོང་ཁྱེར་ཉི་མ་སེར་པོ་ཚན་རྩལ་དཔེ་སྟོན་ཁྱིམ་ཚང་གི་ཞིང་རའི་དྲོད་ཁང་ཆེན་པོའི་ནང་དུ་བསིལ་སྐམ་བཏང་བའི་ཀོ་ཤར་ལྟ་སྐོར་བྱེད་བཞིན་པ།

འདི་ནི་སྨན་གླིང་གྲོང་ཁྱེར་རྩྭ་ཀོང་རོང་གི་ཤིང་པད་མ་སེར་པོ་ཡིན་ལ་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་རྩི་ཤིང་ཡང་ཡིན་པ།

འདི་ནི་སྤོ་བོ་རྫོང་གི་གསོམ་ཤིང་མཛེས་ལྗོངས་ཁུལ་གྱི་ལྟེ་གནས་རྩྭ་མཚོ་ཡིན་པ།
ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཀྱི་དམིགས་ཚད་ལ་དམ་པོར་དམིགས་ཏེ་ལམ་ལུགས་རྨང་གཞིར་བྱེད་པ་དང་། སྲུང་སྐྱོང་གཙོ་བོར་བྱེད་པ། དམངས་འཚོ་རྩ་བར་འཛིན་པ་བཅས་བྱས་ཤིང་། རི་སྔོན་ཆུ་དྭངས་སྲུང་སྐྱོང་གི་ལག་ལེན་ཁྲོད་སྐྱེ་ཁམས་མཛེས་པ་དང་། ཐོན་ལས་དར་བ། མི་སེར་ཕྱུག་པ་བཅས་ཀྱི་ལྗང་མདོག་གི་འཕེལ་རྒྱས་ལམ་བུར་བསྐྱོད་དེ། གངས་ལྗོངས་ས་མཐོའི་སྐྱེ་ཁམས་ཀྱི་རང་མདངས་སྔར་བས་བཀྲག་མདངས་འཚེར་བ་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་གྲུབ་འབྲས་ལས་ཁྱིམ་ཚང་ཁྲི་སྟོང་མང་པོར་ཕན་པ་བསྐྲུན་ཡོད།
ལམ་ལུགས་ཀྱིས་སྲུང་སྐྱོང་བྱས་པ།
སྐྱེ་ཁམས་སྲུང་སྐྱོང་གི་འགན་འཁྲིའི་དྲ་བ་ཚགས་དམ་དུ་བཏང་བ།
སྐྱེ་ཁམས་སྲུང་བར་ལམ་ལུགས་སྔོན་ལ་ལག་ལེན་བསྟར་དགོས། ཉིང་ཁྲི་གྲོང་ཁྱེར་གྱིས་ལམ་ལུགས་འཛུགས་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ། ལམ་ལུགས་དམ་ནན་དང་ཁྲིམས་སྐྱོང་ཚགས་ཚུད་ལ་བརྟེན་ནས་སྐྱེ་ཁམས་སྲུང་སྐྱོང་ལ་གཡས་གཞོགས་གཡོན་འདེགས་བྱས་ཏེ། ཁུལ་ཁོངས་ཡོངས་ལ་ཁྱབ་པ་དང་འགན་དབང་ཁ་གསལ་བའི་སྐྱེ་ཁམས་སྲུང་སྐྱོང་གི་མ་ལག་ཅིག་བཏོད་ཡོད།
མིག་སྔར། ཉིང་ཁྲི་གྲོང་ཁྱེར་གྱིས་གྲོང་ཁྱེར་དང་། རྫོང་། ཤང་། གྲོང་ཚོ་བཅས་རིམ་བཞིའི་ནགས་དཔོན་ལམ་ལུགས་དང་ཆུ་དཔོན(མཚོ་དཔོན)ལམ་ལུགས་ཀྱི་དོ་དམ་སྲུང་སྐྱོང་དྲ་རྒྱ་ཕྱོགས་ཡོངས་ནས་བསྐྲུན་ཏེ། འགན་འཁྲི་དེ་ལས་གནས་དང་མི་ཐོག་ཏུ་འཁྱོལ་བར་བྱས་ནས“ཏང་སྲིད་འགན་འཁྲི་གཅིག་མཚུངས་དང་། གནས་གཅིག་འགན་གཉིས། མཉམ་འཛིན་སྤྱི་སྒྲུབ”བཅས་ཀྱི་མཉམ་ཤུགས་ཆེན་པོ་ཆགས་པར་བྱས་ཡོད། དེ་དང་ཆབས་ཅིག《ཉིང་ཁྲི་གྲོང་ཁྱེར་གྱི་ཡར་ཀླུང་གཙང་པོ་སྲུང་སྐྱོང་གི་སྲོལ་ཡིག》སོགས་ཁྲིམས་སྲོལ་དང་སྒྲིག་སྲོལ་ཁག་20ལྷག་ཙམ་སྔ་རྗེས་སུ་བཏོན་ཞིང་། སྐྱེ་ཁམས་ཁྱབ་ཁོངས་ཀྱི་ཁྲིམས་སྲོལ་གྱིས་གྲོང་ཁྱེར་དེ་ཡོངས་ཀྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བསྡོམས་འབོར་གྱི་37.5%བཟུང་བས་ཁྲིམས་སྐྱོང་ནན་པོར་བརྟེན་ནས་སྐྱེ་ཁམས་སྲུང་སྐྱོང་གི་སྲུང་བཅད་བརྟན་དུ་བཏང་ཡོད།
ལས་དོན་ཏན་ཏིག་སྤེལ་བ་བརྒྱུད་ཉིང་ཁྲི་གྲོང་ཁྱེར་གྱིས“རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་གྲོང་ཁྱེར”དང“རྒྱལ་ཁབ་ཀྱི་ནགས་ཚལ་གྲོང་ཁྱེར”འཛུགས་གཏོད་བདེ་བླག་བྱུང་བ་དང་། རྒྱལ་ཁབ་རིམ་པའི་སྐྱེ་ཁམས་ཤེས་དཔལ་གྱི་དཔེ་སྟོན་ཁུལ་5དང་“རི་གཉིས”ལག་ལེན་གྱི་གསར་གཏོད་རྟེན་གཞི་2ཡོད་པས། འཛུགས་གཏོད་དམིགས་ཚད་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཤིང་། སྤུས་རྟགས་སྒོ་བྱང་རེ་རེ་ལས་ཉིང་ཁྲི་གྲོང་ཁྱེར་གྱིས་སྐྱེ་ཁམས་འཛུགས་སྐྱོང་གི་གོམ་སྟབས་བརྟན་པོ་ཞིག་སྤོས་པར་དཔང་པོ་བྱས་ཡོད།
རང་མདངས་གསལ་བར་བྱས་པ།
གངས་ལྗོངས་སྔོ་ལྗང་མཛེས་ལྗོངས་ཁུལ་གྱི་གཟུགས་བརྙན་བཟང་པོ་བསྲུངས་པ།
བོད་ཀྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལེགས་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཡིན་པའི་ཉིང་ཁྲི་གྲོང་ཁྱེར་གྱིས་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་བརྒྱབ་ནས། ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། “ཉིང་ཁྲི་སྔོ”ཞིང“ཉང་ཆུ་དྭངས་པ”དེ་སྐྱེ་ཁམས་ཀྱི་མཚོན་རྟགས་མངོན་གསལ་དོད་ཤོས་སུ་གྱུར་ཡོད།
གྲངས་གཞི་ལས་མངོན་པར་ལྟར་ན། ཉིང་ཁྲི་གྲོང་ཁྱེར་གྱི་ཁོར་ཡུག་གི་མཁའ་རླུང་སྤུས་ཚད་ལོ་དགུའི་རིང་བསྟུད་མར་རྒྱལ་ཡོངས་ཀྱི་ས་ཁུལ་རིམ་པ་དང་དེ་ཡན་གྱི་གྲོང་ཁྱེར་ཁྲོད་ཨང་རིམ་དང་པོར་སླེབས་ཤིང་། གནམ་གཤིས་ལེགས་པོ་བསྟན་པའི་ཉིན་གྲངས་ཀྱི་བསྡུར་ཚད་99.7%ཡན་རྒྱུན་འཁྱོངས་ཐུབ་ཡོད།
ཉང་ཆུའི་ངོགས་སུ་ཆུ་མོ་དྭངས་ལ་རྩྭ་ཆུ་འཛོམས་པ་དང་ཉ་མོའི་འཁྱུག་འགྲོས་ངོམ་ནས་ཡུལ་ལྗོངས་ལྷག་པར་མཛེས་པས། ཡུལ་སྐོར་བའི་གྲས་སུ་པར་མི་རྒྱག་མཁན་གཅིག་ཀྱང་མེད། “ཉང་ཆུ་དེ་ཉིད་རྒྱལ་ཡོངས་ཀྱི་མཛེས་སྡུག་ལྡན་པའི་གཙང་པོ་དང་མཚེའུ་ཡི་ཕུལ་བྱུང་དཔེ་མཚོན་དུ་བདམས་པ་དེ་ཉིན་ལྟར་གྱི་གཡོག་བྱེད་ཞིབ་ཚགས་དང་ཁ་འབྲལ་ཐབས་མེད”ཅེས་ཁོར་ཡུག་སྲུང་སྐྱོང་གི་དང་བླངས་པ་སྒྲོལ་མས་བཤད། ཉིང་ཁྲི་གྲོང་ཁྱེར་གྱི་ས་ངོས་ཆུའི་བཅད་ཁ་21དང་རྫོང་རིམ་པ་ཡན་གྱི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་ཁུངས་ཀྱི་ས་ངོས་ཆུའི་ཆུ་སྤུས་ལོན་ཚད་100%ཟིན་ནས་གཙང་པོ་དང་མཚེའུ་ནམ་ཡང་དྭངས་ཤིང་གཙང་བར་གནས།
སྔོ་ཁེབས་རྒྱ་ཆེར་བཏང་བ།
སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་བཅད་བརྟན་དུ་བཏང་བ།
རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་བཅས་ནི་ཚེ་སྲོག་གི་གཅིག་མཐུན་ཚོགས་པ་ཡིན་ཞིང་། ཉིང་ཁྲི་གྲོང་ཁྱེར་གྱིས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་མ་ལག་བཅོས་སྐྱོང་མཐའ་འཁྱོངས་ཀྱིས་རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་དང་སྐྱེ་ཁམས་ཉམས་གསོར་རྒྱུན་མཐུད་སྐུལ་འདེད་བཏང་སྟེ། སྐྱེ་ཁམས་མ་ལག་གི་བརྟན་པོའི་རང་བཞིན་ཆེ་རུ་རྒྱུན་མཐུད་བཏང་ནས་བོད་ཤར་ལྷོའི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་བཅད་བརྟན་དུ་བཏང་ཡོད།
ཡར་ཉང་རྒྱལ་ཁབ་འདམ་རའི་སྤྱི་གླིང་སྔོ་ལྗང་གི་ན་བཟས་བརྒྱན་པ་དང་། འདམ་རའི་ཆུ་ལམ་ཀྱག་ཀྱོག་ཏུ་དུས་བྱ་འབབ་སྡོད་ཀྱིས་བག་ཕེབས་ངང་འཚོ་བཞིན་ཡོད། འདམ་རའི་སྤྱི་གླིང་གི་དོ་དམ་སྲུང་སྐྱོང་པ་ཟླ་བས་ད་ཕན་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་ཡར་ཉང་འདམ་ར་དང་ཚལ་པ་རོང་སྲུང་སྐྱོང་ཁུལ་སོགས་སྐྱེ་ཁམས་སླར་གསོའི་འདུ་འགོད་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། ནགས་ཚལ་སྐྱོ་ཁུལ་སྒྱུར་བཀོད་དང་ས་ཆུ་ཤོར་རིགས་བཅོས་སྐྱོང་བྱས་ནས་གནོད་འཚེ་ཕོག་པའི་སྐྱེ་ཁམས་མ་ལག་ལ་སླར་ཡང་གསོན་ཤུགས་ཀྱིས་ཁེངས་པར་བྱས་ཡོད་ཅེས་བཤད།
2022ལོ་ཚུན། ཉིང་ཁྲི་གྲོང་ཁྱེར་གྱིས་རིམ་རྩིས་བརྒྱབ་ན་རྒྱལ་ཁབ་ས་ཆ་སྔོ་འགྱུར་མུའུ་ཁྲི་5.36མང་དུ་བཏང་བ་དང་ནགས་ཚལ་མུའུ་ཁྲི་18.5གསོ་སྐྱོང་བྱས་པས་ནགས་ཚལ་ཁྱབ་ཚད་ཆེ་རུ་རྒྱུན་མཐུད་ཕྱིན་ཡོད། གྲོང་ཁྱེར་ནས་གྲོང་གསེབ་དང་ལུང་གཞུང་ནས་རི་གྲོང་བར་སྡོང་ཕྲུག་རེ་རེ་སྐྱེ་འཚར་ཐུབ་པ་དང་རྩི་ཤིང་གི་ཁྱབ་རྒྱ་ཆེ་རུ་མུ་མཐུད་ཕྱིན་ནས་གངས་ལྗོངས་ས་མཐོའི་སྔོ་ལྗང་ཁུལ་མང་དུ་སོང་ཡོད།
སྐྱེ་ཁམས་ལས་དམངས་ལ་ཕན་པ་བསྐྲུན་པ།
ལྗང་མདོག་འཕེལ་རྒྱས་ཀྱི་ཕྱུག་འགྱུར་ལམ་བུ་བཏོད་པ།
སྨན་གླིང་གྲོང་ཁྱེར་ཉི་མ་སེར་པོ་ཚན་རྩལ་དཔེ་སྟོན་ཁྱིམ་ཚང་གི་ཞིང་རའི་ནང་ཕ་ཡུལ་དུ་ལོག་པའི་དགུ་བཅུ་ནང་སྐྱེས་ཀྱི་ལས་གཏོད་གཞོན་ནུ་མ་མཚོ་མོས་གྲོང་མི་རྣམས་ཀྱི་སྣེ་ཁྲིད་ནས་ཀོ་ཤ་འཐུ་བཞིན་མཆིས།
“དེ་སྔོན་གྲོང་ཚོའི་ནང་རི་ཁའི་འཚོ་རྟེན་རི་ཡིན་པ་དང་གང་བྱུང་དུ་སྔོག་པ་དང་རྐོ་བའི་སྣང་ཚུལ་ཚབས་ཆེན་པོ་ཡོད། ད་ཆ་ང་ཚོས་ནགས་གསེབ་ཐོན་ཁུངས་ཕུན་སུམ་ཚོགས་པོར་བརྟེན་ནས་ཀོ་ཤ་དང་བོད་སྨན་གྱི་སྨན་རྩྭ་སོགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་སྟེ་སྐྱེ་ཁམས་སྲུང་སྐྱོང་ཐུབ་པའི་ཁར་ཡོང་འབབ་ཀྱང་མང་དུ་སོང་ཡོད”ཅེས་མཚོ་མོས་བརྗོད་ཅིང་། ཁོང་གིས། གཞུང་ཁོངས་ཁེ་ལས་ཀྱི་ལས་ཀ་ལས་དགོངས་ཞུས་ཏེ་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱས་པ་དང་། “ཉིང་ཁྲིའི་ཀོ་ཤ”ཞེས་པའི་སྤུས་རྟགས་བཏོད་ནས་ཉེ་འཁོར་མང་ཚོགས་ལ་ཡོང་འབབ་བརྟན་པོ་རག་པར་སྐུལ་ཁྲིད་བྱས་པ་མ་ཟད། ལང་ཚོར་བརྟེན་ནས་རི་སྔོན་ཆུ་དྭངས་ཀྱི་ཡུལ་ལུང་དུ་གྲོང་གསེབ་དར་རྒྱས་ཀྱི་རྒྱུགས་ལན་ཞིག་ཀྱང་ཕུལ་ཡོད་ཅེས་བཤད།
གྲངས་གཞི་ལས་མངོན་པ་ལྟར་ན། ཉིང་ཁྲི་གྲོང་ཁྱེར་གྱིས་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་2021ལོའི་མི་ཐེངས་ཁྲི་1006ནས་2025ལོའི་མི་ཐེངས་ཁྲི་1735.42བར་འཕར་བ་དང་། ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་83.75ནས་སྒོར་དུང་ཕྱུར་162.96བར་འཕར་ཡོད། བྲག་གསུམ་མཚོ་མཛེས་ལྗོངས་ཁུལ་གྱི་བྱེ་པ་གྲོང་ཚོར་གྲོང་མིས་དམངས་སྲོལ་གནས་ཚང་གཉེར་བ་དང་ཁྱད་ལྡན་ལག་ཤེས་བཟོ་རྩལ་གྱི་ཐོན་རྫས་བཙོངས་ཏེ་འཚོ་བ་ཇེ་ཡག་ནས་ཇེ་ཡག་ཏུ་འགྲོ་བཞིན་མཆིས། ནགས་གསེབ་དཔལ་འབྱོར་ཡར་ངོའི་ཟླ་བཞིན་འཕེལ་རྒྱས་སོང་སྟེ། ཉིང་ཁྲིར་ཇ་ལོ་དང་། བོད་སྨན་གྱི་སྨན་རྩྭ། བཟའ་བཅའི་ཤ་མོ་སོགས་རྟེན་གཞི་ཆེན་པོ་དྲུག་བསྐྲུན་ཞིང་། མེ་ཏོག་གི་པུ་ཤེལ་ཙེ་དང་། རྫ་ཡུལ་གྱི་འཁྲི་སྐྱེས་ཤ་མོ། སྤོ་བོའི་ར་མོ་ཤག་ཆེན་སོགས་ཁྱད་ལྡན་ཐོན་ལས་ཀྱིས་མང་ཚོགས་ཀྱི་ཡོང་འབབ་འཕར་བར་སྐུལ་ཁྲིད་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།