མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་བྱུང་བ།
ལྕགས་ལམ་རྒྱུད་ཀྱི་སྐྱེ་ཁམས་སླར་གསོར་འབྲས་བཟང་སྨིན་པ།
ཞོགས་པ་གཉིད་ལས་སད་སྐབས་མེ་འཁོར་གདང་ལའི་རྒྱུད་དུ་དལ་བུར་སྐྱོད་བཞིན་ཡོད།
སྒེའུ་ཁུང་ནས་ཕྱི་རོལ་ལ་ལྟ་སྐབས་གཙོད་ཁྱུ་ཞོགས་པའི་མཚམས་སྤྲིན་དང་འགྲོགས་ནས་ཅི་དགར་རོལ་བཞིན་ཡོད། ཐག་རིང་གི་གངས་རི་མུ་ལ་མུ་ཁྱུད་དུ་གནས་ཤིང་མཁའ་དབྱིངས་ཀྱི་སྤྲིན་དཀར་ལག་པས་རེག་ཐུབ་པ་ལྟར་སྣང་། རྩྭ་ཐང་སྟེང་གི་ཆུ་ཕྲན་ནི་གཡུ་འབྲུག་སྔོན་མོ་ཐང་གཤོང་དུ་རྒྱུ་བ་ཇི་བཞིན་སྣང་། དེས་ན་ཡངས་ཤིང་རྒྱ་ཆེ་ལ་ལྟ་ན་སྡུག་པའི་ས་ཆ་དེ་རེ་ཞིག་མིག་ལམ་ནས་བྲལ་མི་ཕོད་པར་གྱུར།
མཚོ་བོད་ས་མཐོར“སའི་གོ་ལའི་སྣེ་གསུམ་པ”ཞེས་བརྗོད་ཀྱི་ཡོད་པ་དེ་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་བཅད་གལ་ཆེན་ཞིག་རེད། མཚོ་བོད་ལྕགས་ལམ་དེ་གཙང་གསུམ་ཆུ་འགོ་དང་། ཁུ་ཁུ་ཤིས་རི། གནམ་མཚོ། གཉན་ཆེན་ཐང་ལྷ་སོགས་སྐྱེ་ཁམས་ཚོར་སྐྱེན་ཁུལ་བརྒྱུད་དེ་སྐྲུན་འགོ་ཚུགས་པ་ནས་མེ་འཁོར་ཤར་གཏོང་ཐུབ་སྟེ་གཉེར་སྐྱོང་བྱེད་འགོ་ཚུགས་པའི་བར་སྐྱེ་ཁམས་ཁོར་ཡུག་ལ་གཏོར་སྐྱོན་ཕོག་མིན་ཐད་དོགས་གཞི་སྐྱེ་གི་ཡོད།
འདས་ཟིན་པའི་ལོ་20ཡི་རིང་། སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་ནས་ལམ་རྒྱུད་ཀྱི་འབྲེལ་ཡོད་གྲངས་གཞི་དང་དམིགས་ཚད་ལ་འགྱུར་ལྡོག་ཕྱིན་པ་བལྟས་པ་ཙམ་གྱིས་ཤེས་ཐུབ་པ་དོན་དངོས་ལས་ར་འཕྲོད་ཡོད། གངས་ལྗོངས་ས་མཐོ་འཕྲེད་དུ་བཅད་པའི་ངར་ལྕགས་ཀྱི་འཕར་རྩ་དེ་ཐོག་མཐའ་བར་གསུམ་དུ་རང་བྱུང་ཁམས་དང་མི་རིགས་ཁག་གི་མི་དམངས་མཉམ་དུ་གནས་པའི་ལྗང་མདོག་མཁའ་ལམ་ཞིག་རེད།
“ལྗང་མདོག་བར་ཁྱམས”ཀྱིས་མཛེས་སྡུག་ལྡན་པའི་རི་མོ་བཀོད་པ།
ལོ་མང་རིང་། མཚོ་བོད་ལྕགས་ལམ་ཐོག་ཕར་འགྲོ་ཚུར་འོང་བྱེད་མཁན་ཚང་མས་ཤེས་གསལ་ལྟར། ལམ་དུམ་མི་ཉུང་བ་ཞིག་སྔོན་ཆད་བྱེ་སྒང་དུ་ཆགས་ཡོད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། ལམ་རྒྱུད་ཀྱི་བྱེ་སྐྱོན་ཕོག་ཁུལ་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ་440ལྷག་ཙམ་ཡོད་པ་དང་། ཚབས་ཆེ་བའི་ལམ་དུམ་གཙོ་བོ་གསུམ་ནི་ཝུའུ་ལམ་ནས་གོར་མོ་བར་དང་། གོར་མོ་ནས་ཐོག་ཐོན་གཙང་པོ་བར། གདང་ལའི་ལྷོ་སྣེ་ནས་མཚོ་ནག་མཚོ་བར་བཅས་ཡིན་པ་རེད།
ཀྲང་ཆན་ནི་ཀྲུང་གོ་ལྕགས་ལམ་ཅུས་བཅུ་གཉིས་པའི་ལྕགས་ལམ་བདག་སྐྱོང་ཀུང་སིའི་ཨ་མདོ་འཁོར་ཁང་གི་ལས་མི་ཞིག་ཡིན་པ་དང་། ལོ་འཁོར་མོར་ཕྱི་རོལ་དུ་སྐོར་ཞིབ་བྱེད་པར་སྐྱོད་དགོས་སྟབས་ཁོང་གི་ངོ་གདོང་ཉི་མས་འཚིག་ནས་སྨུག་པོར་གྱུར་ཡོད། ཨ་མདོའི་ལྷོ་ངོས་ནས་མཚོ་ནག་མཚོའི་བར་གྱི་སྤྱི་ལེ་10ཙམ་གྱི་བྱེ་རླུང་ལྡང་ཁུལ་ནི་ཁོང་གིས་རྒྱུན་དུ་སྲུང་བའི་ས་ཁོངས་ཤིག་ཡིན་པ་སྟེ། དེ་ག་ནི་མཚོ་ནག་མཚོ་དང་ཐག་ཉེ་པོ་ཡོད་པས། ལོ་ལྟར་གྱི་དགུན་དཔྱིད་དུས་ཚིགས་སུ་ལྷགས་པ་ཆེན་པོ་བརྒྱབ་ནས་བྱེ་མ་ཕུང་གསོག་ཐེབས་ཏེ་མེ་འཁོར་གྱི་བདེ་འཇགས་ལ་ཉེན་ཁ་ཆེན་པོ་བཟོ་གི་ཡོད།
ཀྲང་ཆན་གྱིས་བྱེ་མ་ཕུང་གསོག་ཐེབས་པ་དེས་ལྕགས་ལམ་དང་ལྕགས་ལམ་གྱི་ཁ་རྡེའུ་ས་འོག་ཏུ་དིམ་གྱི་ཡོད་པ་མ་ཟད། ད་དུང་ཆུ་ཡུར་ཡང་འགག་ནས་འཁྱིལ་ཆུ་དུས་ཐོག་ཏུ་བཤངས་ཐབས་བྲལ་བ་དང་སྒྲིག་ཆས་ལ་བཙའ་བརྒྱབ་་ཤུགས་ཆེ་རུ་ཕྱིན་ནས་མེ་འཁོར་འཁོར་སྐྱོད་ལ་གནོད་འཚེ་བཟོ་གི་ཡོད་ཅེས་བརྗོད།
ལྕགས་ལམ་བདག་སྐྱོང་ཚོགས་པས་རིམ་དབྱེའི་བྱེ་བཅོས་ཇུས་གཞི་འཚོལ་ཞིབ་བྱས་པ་སྟེ། ཕྱི་ངོས་ཀྱི་བྱེ་རླུང་ལྡང་ཤུགས་ཆེ་བ་དང་། འདོན་འཇུག་འཕྲུལ་འཁོར་གྱིས་བྱེ་འགོག་ཆུ་རགས་གཙང་བཟོ་བྱེད་པ། བྱེ་འགོག་དྲ་བས་བྱེ་འབུར་བརྟན་དུ་གཏོང་བ། རྩྭ་སོན་གཏོར་ནས་ཆར་དུས་སུ་རྩྭ་སྐྱེ་ཐབས་བྱེད་པ་བཅས་དང་། ནང་ངོས་སུ་བྱེ་རླུང་ལྡང་ཤུགས་ཆུང་བ་དང་། རྡོ་བརྩིགས་གྲུ་བཞི་བརྒྱབ་ནས་བྱེ་མ་འཇགས་ཐབས་བྱེད་པ་དེ་རེད། ཀྲང་ཆན་གྱིས་ལྟ་ཞིབ་བྱས་པ་བརྒྱུད་ད་ཆ་བྱེ་རླུང་ཁུལ་གྱི་རྒྱ་ཁྱོན་ལོ་རེ་བཞིན་ཆུང་དུ་འགྲོ་བ་དང་བྱེ་བཅོས་ས་ཚིགས་མི་ཉུང་བ་ཞིག་ཏུ་རྩྭ་མཐུག་པོ་སྐྱེ་བཞིན་ཡོད་པ་ཤེས་རྟོགས་བྱུང་ཡོད།
མཚོ་ནག་མཚོ་ངོགས་ཀྱི“བྱེ་ཕུང་སྤང་ལྗོངས་སུ་འགྱུར་བའི”བསམ་འདུན་མངོན་འགྱུར་ཐུབ་རེ་ཡོད་པ་རེད།
ལོ་མང་རིང་། མཚོ་བོད་ཚོགས་པ་ཀུང་སིས“ཐག་རིང་ནས་བྱེ་རླུང་འགོག་པ་དང་། ལམ་བར་དུ་བྱེ་རྡུལ་འགོག་པ། ཉེ་སར་བྱེ་མ་འཇགས་པ”བཅས་ཀྱི་བྱེ་འགོག་མ་ལག་ཧུར་ཐག་བསྐྲུན་པ་དང་། བྱེ་འགོག་བྱེ་རགས་དང་། བྱེ་འགོག་གྱང་། བྱེ་འགོག་དྲ་མིག སྔོ་ཁེབས་སོགས་ཀྱི་བྱེད་ཐབས་བརྒྱུད་བཅོས་སྒྲིག་བྱས་པ་དང་། ལྕགས་ལམ་རྒྱུད་ཀྱི་སྔོ་འགྱུར་རིང་ཚད་སྤྱི་ལེ་1000ལྷག་ཙམ་ཟིན་པ་དེས་སྔོ་འགྱུར་ཆོག་པའི་སྤྱིའི་ལམ་ཐག་གི་94.7%བཟུང་ཡོད།
མཚོ་སྔོན་ཞིང་ཆེན་ཆུ་དམར་ལེབ་རྫོང་དུ་གནས་པའི་ཆུ་དམར་གཙང་པོའི་སྤྱི་ལེ་5ཡི་ལྟེ་བའི་བྱེ་རླུང་དུམ་བུར་སྐྱོད་སྐབས། ལྗང་མདོག་གི་བྱེ་འགོག་དྲ་བ་སྟར་པ་རེ་རེ་བཞིན་ཕྱོགས་ཀུན་ཏུ་ཁྱབ་ཡོད་ལ། བྱེ་འགོག་གྱང་རེ་རེ་བཞིན་སྲུང་བཅད་དང་འདྲ་བར་སྣོལ་མར་གནས་ཏེ་རིམ་པ་བཞིན་བྱེ་འགོག་གི་ནུས་པ་ཐོན་པ་དང་། ཡུག་སྦྲེལ་རྡོ་བརྩེགས་གྲུ་བཞིས་བྱེ་མའི་བང་རིམ་དམ་པོར་བསྣན་པ་དང་། རིང་ཚད་ཚུན་ཁ་ཤས་ཡོད་པའི་གསར་སྐྱེས་རྩྭའི་རྩ་བ་བརྟན་པོར་ཚུགས་ནས། རླུང་བུའི་ཁྲོད་འགྱིང་ངེར་གནས་ཏེ་རྩྭ་གདན་སྔོན་པོ་ཆེན་པོ་ཞིག་དང་གཉིས་སུ་མ་མཆིས།
མེ་འཁོར་དེའི་ཁུལ་ནས་སྐྱོད་སྐབས་བོད་དུ་ཡོང་མཁན་འགྲུལ་པ་ཚོས་ལམ་རྒྱུད་ཀྱི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་འདིར་ཧང་སངས་བཞིན་དེ་ནི་བྱེ་བཅོས་ཀྱི་ཕན་འབྲས་ཡག་ཤོས་ཤིག་རེད་ཅེས་བསྔགས་བརྗོད་བྱེད་ཀྱི་ཡོད།
“དྭངས་གཙང་གི་འགོག་སྲུང་འཛིང་རགས”ལ་བརྟེན་ནས་རྨང་གཞི་བརྟན་པོ་བཏིང་བ།
ཞོགས་པའི་ཆུ་ཚོད་བདུན་པར། ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཀོ་ལུག་དུམ་བུའི་ལྕགས་ལམ་ལམ་སྲུང་མཉམ་འགོག་རུ་ཆེན་གྱི་ལས་དོན་པ་དུས་ཐོག་ཏུ་ལྕགས་ལམ་རྒྱུད་དུ་སྐོར་སྲུང་བྱེད་པར་བསྐྱོད་ནས། སྤྱི་ལེ་46ཟིན་པའི་ལམ་དུམ་བདེ་འཇགས་ཡོང་བར་བྱེད་ཀྱི་ཡོད། ཁོང་ཚོར་ད་དུང་གད་སྙིགས་གཙང་སེལ་གྱི་ལས་འགན་ཞིག་ཀྱང་ཡོད།
གནས་དེར་ལྷགས་པ་ཆེ་བས་འགྱིག་ཤོག་སོགས་འཚོ་བའི་གད་སྙིགས་མང་པོ་འཁྱེར་ཡོང་གི་ཡོད།
རུ་དཔོན་གཞོན་པ་བསོད་ནམས་རིན་ཆེན་གྱི་ཁྱིམ་ཀོ་ལུག་གྲོང་རྡལ་བོང་ར་གྲོང་ཚོར་ཡོད་པས་དེ་ཁུལ་གྱི་སྔོན་ཆད་ཀྱི་རྣམ་པར་རྒྱུས་མངའ་ཆེན་པོ་ཡོད།
སྐོར་གཡེང་བྱེད་རིང་། ཚང་མས་འགྱིག་ཤོག་དང་ལྕགས་ཀྲིན་སོགས་བསྒྲུགས་ནས་འགྱིག་ཁུག་ནང་བླུགས་ཀྱི་ཡོད་ལ། མཚམས་ཚིགས་གལ་ཆེན་སྐབས་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་གཙང་སྦྲ་དོད་པའི་ཡ་རབས་འདུ་ཤེས་དྲིལ་བསྒྲགས་ཀྱང་བྱེད་ཀྱི་ཡོད། བསོད་ནམས་རིན་ཆེན་གྱིས། ཚང་མས་ལས་རེས་ལས་སྒྲུབ་དང་། འབྲོག་པ་དང་མཉམ་འགུལ། འབྲེལ་ཡོད་ཚན་པར་གཞོགས་འདེགས་བཅས་བྱེད་རིང་སྔ་ས་ནས་ལྕགས་ལམ་རྒྱུད་དང་གྲོང་ཚོའི་མཐའ་འཁོར་གྱི་ཁོར་ཡུག་བཅོས་སྒྲིག་རྒྱུན་གཏན་ལྟར་བྱེད་ཀྱི་ཡོད་ཅེས་བརྗོད།
ལམ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་བྱ་གཞག་ནང་ཞུགས་མཁན་གྲས་སུ་ད་དུང་ལྕགས་ལམ་མི་དམངས་ཉེན་རྟོག་པའང་ཡོད་ཅིང་། ཐོག་ཐོན་གཙང་པོའི་འབབ་ཚུགས་ཀྱི་མངགས་གཏོང་ཁང་ནི་དེའི་ཁྲོད་ཀྱི་གྲས་ཤིག་རེད།
ལྷོ་རི་ནས་གདང་ལའི་བར་ས་ཚིགས་27དང་བར་ཐག་སྤྱི་ལེ་582ཡོད་པ་དང་། མངགས་གཏོང་ཁང་གིས་ཟླ་རེར་སྐོར་སྲུང་ཐེངས་རེ་བྱེད་ཀྱི་ཡོད་ལ། དྲག་ཆར་རླུང་འཚུབ་འཕྲད་ཀྱང་སྐོར་སྲུང་བྱེད་མཚམས་འཇོག་མྱོང་མེད། “མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་པ་ཕུད། ད་དུང་གད་སྙིགས་སྒྲུག་པ་དང་། ཁོར་ཡུག་སྲུང་སྐྱོང་དྲིལ་བསྒྲགས། རི་སྐྱེས་སྲོག་ཆགས་སྲུང་སྐྱོང་སོགས་ཀྱང་བྱེད་ཀྱི་ཡོད། ང་ཚོས་དེ་སྔོན་ཁྲ་དང་། ངང་སེར། རྐྱང་སོགས་བསྐྱབས་མྱོང་ཡོད”ཅེས་སུའོ་ཀྲང་གཞོན་པ་ཀྲེང་ཡན་གྱིས་བརྗོད།
འདི་ལོའི་ལོ་འགོར“སྐྱེ་ཁམས་ཉེན་དོན”གྱི་སྤུས་རྟགས་གཏོད་རྒྱུར་བརྟེན་ནས་ཁང་དེས་ཁོངས་གཏོགས་ཁུལ་གྱི་སྤྱི་ཕན་རྩ་འཛུགས་དང་ནགས་ཚལ་དང་རྩྭ་ཐང་སོགས་སྡེ་ཚན་དང་མཉམ་དུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་མཉམ་འགུལ་ལས་ཀའི་ལམ་སྲོལ་བཙུགས་པ་དང་། ཚན་ཞིབ་སློབ་གླིང་དང་མཉམ་ལས་ཀྱིས་དམར་ཕྱིའི་བརྙན་ལེན་འཕྲུལ་ཆས་སྒྲིག་སྦྱོར་བྱས་ནས། རི་སྐྱེས་སྲོག་ཆགས་འཚོ་སྡོད་གནས་ཚུལ་ཤེས་རྟོགས་བྱེད་ཀྱི་ཡོད། “དེ་དག་ཚང་མ་ནི་རང་བྱུང་ཁམས་གཙང་མ་ཡོང་ཆེད་རེད”
“ཁོར་ཡུག་སྲུང་སྐྱོང་མཉམ་དུ”བྱས་ནས་མཉམ་དུ་འཚོ་སྡོད་བྱེད་པའི་རྣམ་པ་བཏོད་པ།
ས་བབ་སྨི་4500ལྷག་ཙམ་ཡོད་པའི་ཐོག་ཐོན་གཙང་པོའི་ཟམ་ཆེན་ཐོག་མེ་འཁོར་འུར་སྒྲ་དང་བཅས་སྐྱོད་བཞིན་ཡོད་ལ། ཟམ་འོག་ཏུ་གཙོད་རང་དགར་རྒྱུ་བཞིན་ཡོད།
ཟམ་ཆེན་གྱི་གཡོན་འོག་ཏུ་མངོན་གསལ་དོད་པའི“ཁང་པ་དམར་པོ”ཞིག་ཡོད་པ་དེ་ནི་ཉེ་རིང་གང་སར་སྐད་གྲགས་ཆོད་པའི་འབྲི་ཆུའི་ཆུ་འགོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ས་ཚིགས་རེད། རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་དང་བླངས་པ་དེ་གར་འཛོམས་ནས། སྟོད་ཀོར་གྱོན་ནས་དུས་བཀག་ལྟར་ཉེ་འཁོར་གྱི་གད་སྙིགས་སྣ་ཚོགས་གཙང་སེལ་བྱེད་བཞིན་ཡོད།
འགན་འཁུར་བ་ཝང་ཁྲུང་གིས། གཉེར་སྐྱོང་བྱས་ནས་ལོ་14སོང་རིང་། སྲུང་སྐྱོང་ས་ཚིགས་སུ་དང་བླངས་པ་1700ལྷག་ཙམ་སྔ་རྗེས་སུ་ཞུགས་པ་དང་། རིམ་རྩིས་བརྒྱབ་ན་གད་སྙིགས་མི་འདྲ་བ་ཁྲི་130ལྷག་ཙམ་གཙང་སེལ་བྱས་ཡོད་ཅེས་ངོ་སྤྲོད་བྱས།
གཞན་ཡང་། ལོ་ལྟར་གྱི་འཛམ་གླིང་ཁོར་ཡུག་ཉིན་མོ་དང་ས་གནས་དེ་གའི་རྟ་རྒྱུག་དུས་ཆེན་སོགས་མཚམས་ཚིགས་གལ་ཆེན་རིང་། ཁོར་ཡུག་སྲུང་སྐྱོང་དང་བླངས་པས་རྒྱུན་གཏན་ལྟར་ས་གནས་དེ་གའི་སྲིད་གཞུང་དང་། གནམ་གཤིས་སྡེ་ཚན། མི་དམངས་ཉེན་རྟོག་པ་སོགས་ལམ་སྲུང་སྟོབས་ཤུགས་དང་མཉམ་དུ“གད་སྙིགས་དེ་མཁོ་ཆས་ལ་བརྗེ་བ”སོགས་ཁྱད་ལྡན་སྤྱི་ཕན་བྱེད་སྒོ་སྤེལ་གྱི་ཡོད། ཝང་ཁྲུང་ལ་མང་ཚོགས་ཞུགས་པའི་སྤྲོ་སེམས་ལོ་རེ་ལས་མ་འདས་པར་ཆེ་རུ་འགྲོ་བཞིན་ཡོད་པའི་མྱོང་ཚོར་ཟབ་མོ་བྱུང་ཞིང་། ཁོང་གིས“ཁོང་ཚོའི་ཁྲོད་མང་པོ་ཞིག་མེ་འཁོར་ལ་བསྡད་ནས་ཡོང་བ་མ་ཟད། ལྕགས་ལམ་རྒྱུད་ཀྱི་ཁོར་ཡུག་སྲུང་སྐྱོང་དང་བླངས་བྱེད་སྒོའི་ནང་ཞུགས་ཡོད་པས་དངོས་འབྲེལ་ཡག་པོ་འདུག”ཅེས་བརྗོད།
མི་གཅིག་གིས་སྐད་གྲགས་མེད་པར་བརྟན་སྲུང་བྱེད་པ་ནས་མི་མང་པོས་རང་འགུལ་མཉམ་སྒྲུབ་བྱེད་པའི་བར། ལྕགས་ལམ་རྒྱུད་ཀྱི་ཁོར་ཡུག་སྲུང་སྐྱོང་བྱ་སྤྱོད་དེ་རང་འགུལ་གྱི་བྱ་སྤྱོད་ཅིག་ཏུ་གྱུར་ནས་མི་དང་རང་བྱུང་ཁམས་མཉམ་གནས་ཀྱི་དྲོ་སྐྱིད་ལྡན་པའི་རྣམ་པ་ཞིག་གཏོད་བཞིན་ཡོད།
ལྗང་མདོག་གི་མཁའ་ལམ་དང་། དྭངས་གཙང་གི་མཁའ་ལམ། ཁོར་ཡུག་སྲུང་སྐྱོང་གི་མཁའ་ལམ་སོགས། ལོ་20ཡི་རིང་། མཚོ་བོད་ལྕགས་ལམ་གྱིས་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་གངས་ལྗོངས་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བྱེད་བཞིན་མཆིས།
འབྲེལ་ཡོད་གསར་འགྱུར།