དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • 2026ལོའི་ལྷ་ས་སྐོར་བའི་རྐང་འཁོར་འགྲན་བསྡུར་ཆེན་པོ་འགོ་ཚུགས་ཉེར་ཡོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-07-09

    ཉེ་དུས། གསར་འགོད་པར་2026ལོའི་ལྷ་ས་སྐོར་བའི་རྐང་འཁོར་འགྲན་བསྡུར་ཆེན་པོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། སྐབས་འདིའི་འགྲན་བསྡུར་གྱི་ས་ཚིགས་ཁག་བགོས་འགྲན་བསྡུར་རབ་དང་རིམ་པ་དང་ལྷ་སའི་འགྲན་བསྡུར་གཙོ་བོ་ཟླ་7ཚེས་9དང་། ཚེས་10 ཚེས་12ཉིན་བཅས་སུ་འགོ་ཚུགས་རྒྱུ་རེད།

    ད་ཐེངས་ཀྱི་འགྲན་བསྡུར་ནང་གཞུང་ལམ་རྐང་འཁོར་གྱི་སྐྱེས་པ་དང་བུད་མེད་ཀྱི་མཁས་མཆོག་ཚོགས་ཆུང་དང་། རི་ཐང་རྐང་འཁོར་གྱི་སྐྱེས་པ་དང་བུད་མེད་ཀྱི་ཡོངས་བསྒྲགས་ཚོགས་ཆུང་བཅས་ཚོགས་ཆུང་བཞི་བཀོད་སྒྲིག་བྱས་པ་དང་། ས་ཚིགས་གསུམ་གྱི་འགྲན་བསྡུར་ལ་ལམ་ཐག་ཁྱོན་སྤྱི་ལེ་190ཟིན་པ། སྔོན་དཔག་བྱས་ན་བདམས་ཐོན་པ་800ལྷག་ཙམ་ཞུགས་རྒྱུ་རེད། དེའི་ནང་ཟླ་7ཚེས་9ཉིན་ལྷུན་གྲུབ་ས་ཚིགས་ཀྱིས་སྐྱེ་ཁམས་ཞིང་སྡེའི་མཛེས་ལྗོངས་གཙོ་བོར་མངོན་པར་བྱ་རྒྱུ་དང་། ཟླ་7ཚེས་10ཉིན་མལ་གྲོ་གུང་དཀར་ས་ཚིགས་ཀྱིས་སྲོང་བཙན་སྒམ་པོའི་ཕ་ཡུལ་གྱི་གཏིང་ཟབ་པའི་ལོ་རྒྱུས་ཉམས་སྣང་མངོན་པར་བྱ་རྒྱུ། ཟླ་7ཚེས་12ཉིན་ལྷ་སའི་ས་ཚིགས་ཀྱིས་འགོ་འཛུགས་ས་ཚིགས་དེ་ཝང་ཧྥུ་ཅིང་ཉོ་སྒྲུབ་ལྟེ་གནས་དང་མཐའ་ཚུགས་ཕོ་བྲང་པོ་ཏ་ལའི་མདུན་བར་བཀོད་སྒྲིག་བྱས་ཏེ་ལྷ་ས་གྲོང་ཁྱེར་གྱི་ཉམས་འགྱུར་མངོན་པ་བྱ་རྒྱུ་བཅས་རེད། འགྲན་ལམ་ཧྲིལ་པོའི་ས་བབ་སྨི་3650ནས་སྨི་4000བར་ཡིན་པ་དང་འཕན་པོ་ལུང་གཞུང་དང་། རྒྱ་མ་རོང་། ལྷ་ས་སྐྱིད་ཆུའི་སྐྱེ་ཁམས་ཁྱམས་རིང་བཅས་བརྒྱུད་དགོས་པས་བདམས་ཐོན་པ་ཚོས་ལམ་རྒྱུད་དུ་ས་མཐོའི་རང་བྱུང་དང་མི་ཆོས་རིག་གནས་ཀྱི་མཛེས་ལྗོངས་མྱོང་རོལ་ཐུབ་རྒྱུ་རེད།

    གཞན་ཡང་སྐབས་འདིའི་འགྲན་བསྡུར་གྱིས་ལུས་རྩལ་དང་། རིག་གནས། ཡུལ་སྐོར། ཚོང་ལས་བཅས་མཉམ་འདྲེས་གཏིང་ཟབ་བྱེད་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། རང་སྐྱོང་ལྗོངས་ཀྱི་2026ལོའི“ལུས་རྩལ་འགྲན་བསྡུར་དུས་ཚིགས”ཀྱི་ལས་ཀའི་བཀོད་སྒྲིག་ལ་དམ་པོར་དམིགས་པ། འགྲན་བསྡུར་གྱིས་ཚོང་དོན་སྡེ་ཚན་དང་མཉམ་དུ་རྐང་འཁོར་བཞོན་པའི་འཛད་སྤྱོད་འཛིན་ཤོག་སྤྲོད་པ། མཐའ་ཚུགས་སུ་ས་མཐོའི་བསམ་བཀོད་དང་མངོན་མིན་རིག་གནས་ཤུལ་བཞག་ཉམས་ལེན་ཁུལ་བཀོད་སྒྲིག་བཅས་བྱས་ནས། འགྲན་བསྡུར་གྱི་ཚ་རླབས་དེ་གྲོང་ཁྱེར་གྱི་འཛད་སྤྱོད་འཕར་ཚད་དུ་ཏན་ཏིག་འགྱུར་བར་བྱ་རྒྱུ་རེད། འགྲན་བསྡུར་གྱི་དྲིལ་བསྒྲགས་པར་གཞི་པེ་ཅིང་དང་། ཧྲང་ཧའེ། ཀོང་ཀྲོའུ། ཁྲེང་ཏུའུ། དེ་བཞིན་ཅང་སུའུ་ཞིང་ཆེན་བཅས་ཀྱི་གྲོང་ཁྱེར་གཙོ་བོའི་ལྟེ་བའི་ཚོང་སྐོར་གྱི་བརྙན་ཤེལ་ཆེན་པོའི་ཐོག་དུས་གཅིག་ཏུ་བསྟན་ནས་ས་ཁོངས་སྒྲོལ་བའི་དྲིལ་བསྒྲགས་བྱེད་གནས་ཤིག་གཏོད་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།