སྐྱེ་ཁམས་ཉེན་རྟོག་ལས་དོན་དེ“ཁེར་འཛིང”ནས“དཔུང་རུ་གཅིག་སྒྲིལ”ཕྱོགས་སུ་སྐྱོད་པ།
རི་སྐྱེས་སྲོག་ཆགས་སྲུང་སྐྱོང་ལས་ལ་གཞོལ། སྐྱེ་ཁམས་ཤེས་དཔལ་མེ་ཏོག་རབ་ཏུ་མཚར།

འདི་ནི་མཚོ་ནག་མཚོ་ངོགས་ཀྱི་ལུག་ཁྱུ་ཡིན་པ།
2026ལོའི་ཟླ་3པར། མཚོ་བོད་ལྕགས་ལམ་བོད་ལྗོངས་མངའ་ཁོངས་ཀྱི“སྐྱེ་ཁམས་ཉེན་དོན་ས་ཚིགས”ཐོག་མ་དེ་ནག་ཆུ་གྲོང་ཁྱེར་དུ་བཙུགས་ཤིང་། ལྕགས་ལམ་སྤྱི་བདེ་དང་། ནགས་ཚལ་དང་རྩྭ་ཐང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། ལམ་སྲུང་མཉམ་འགོག་སོགས་ཕྱོགས་མང་པོའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་སྔོ་ལྗང་ཁུལ་དང་སྲོག་ཆགས་སྲུང་སྐྱོང་ཡག་པོ་བྱེད་བཞིན་ཡོད།
མཚོ་བོད་ལྕགས་ལམ་འཆར་འགོད་བྱེད་སྐབས་གོར་ལྷ་དུམ་བུའི་ལམ་རྒྱུད་དུ་རི་སྐྱེས་སྲོག་ཆགས་ཀྱི་བགྲོད་ལམ་ཁག་26བཟོས་ཡོད། དེ་ནི་དཔལ་འབྱོར་འཕེལ་རྒྱས་ཀྱིས་སྐྱེ་ཁམས་སྲུང་སྐྱོང་ལ་ལྷག་བསམ་ཟོལ་མེད་ཀྱིས“བསམ་ཤེས”བྱས་པ་ཞིག་རེད།
འོན་ཀྱང་གཙོད་ཁྱུ་བགྲོད་ལམ་དེ་ནས་སྐྱོད་འདོད་གཏན་ནས་བྱེད་ཀྱི་མེད་དེ། མེ་འཁོར་ཤར་གཏོང་ཐུབ་མ་ཐག་པའི་ལོ་ཤས་ནང་སྲོག་ཆགས་དེ་དག་ཟམ་སྣེར་ལངས་ནས་སོམ་ཉིའི་གནས་སུ་གྱར་ཏེ་བགྲོད་ལམ་དེ་ནས་ཕར་འགྲོ་ཚུར་འོང་བྱེད་ཕོད་ཀྱི་མེད།
ཕྱིས་སུ་གཙོད་ཁྱུའི་སྣེ་ཁྲིད་མཁན་འགའ་ཤས་ཀྱིས་ཟམ་ཕུག་བརྒྱུད་ནས་ཕྱིན་པས། གཙོད་ཁྱུས་བགྲོད་ལམ་དེ་ནས་བརྒྱུད་དགོས་པ་གཞི་ནས་ཤེས་རྟོགས་བྱུང་ཡོད།
ལོ་རེའི་ཟླ་5པ་ནི་གཙོད་གནས་སྤོ་བྱེད་པའི་དུས་ཚིགས་ཡིན། སྲུང་སྐྱོང་ས་ཚིགས་ཀྱིས་གཙོ་གནད་ས་ཁོངས་ཀྱི་སྐོར་སྲུང་སྒྲིག་འཛུགས་བྱས་ཏེ་གཙོད་ཁྱུའི་འགུལ་ཕྱོགས་ལ་ལྟ་ཞིབ་ཚད་ལེན་བྱེད་འགོ་ཚུགས། དེ་དང་ཆབས་ཅིག་གོར་ལྷ་དུམ་བུའི་ལམ་རྒྱུད་ཀྱི་ལྕགས་ལམ་སྤྱི་བདེ་ཡང“དམག་གྲབས”ཀྱི་དུས་མཚམས་སུ་སླེབས་ནས་ལམ་རྒྱུད་དུ་ལས་རེས་བྱས་ཏེ་གཙོད་གནས་སྤོ་བྱེད་པར་གཡས་གཞོགས་གཡོན་འདེགས་བྱེད་ཀྱི་ཡོད།
ལམ་དུམ་གཅིག་གི་མདུན་ངོས་ནི་ལྕགས་ལམ་སྤྱི་བདེའི་སྦྲ་གུར་ཡིན་པ་དང་རྒྱབ་ངོས་ནི་སྲུང་སྐྱོང་ས་ཚིགས་ཀྱི་སྐོར་གཡེང་ས་ཚིགས་རེད། སྤྱི་བདེ་ཉེན་རྟོག་པ་དང་སྐོར་གཡེང་ས་ཚིགས་ཀྱི་ལས་དོན་མི་སྣས་སྒྲུབ་པའི་བྱ་བ་གཅིག་མཚུངས་ཡིན་མོད། འོན་ཀྱང་ཕན་ཚུན་དབར་མཉམ་འགུལ་བྱེད་ཉུང་ཉུང་རེད།
ས་མཐོའི་ལྕགས་ལམ་ཐོག་མེ་འཁོར་ཁ་བཀག་པ་ནི་དོན་ཆུང་ཞིག་མིན། ལོ་མང་རིང་། གོར་ལྷ་ལམ་ཐིག་གི་མེ་འཁོར་ཁ་ལོ་བ་ཀན་ཚའེ་ཧྥ་ཡིས་མེ་འཁོར་གྱི་ཁ་ཐེངས་གཅིག་བཀག་མྱོང་ཡོད།
ལོ་བཅུ་གྲངས་གོང་གི་ཉིན་ཞིག་ལ་ཀན་ཚའེ་ཧྥ་ཡིས་མེ་འཁོར་བཏང་ནས་ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་མཐོ་ལྕོགས་འབབ་ཚུགས་ཉེ་འགྲམ་གྱི་ཐུར་ལམ་དུ་སྐྱོད་སྐབས་མདུན་ཕྱོགས་ཀྱི་ལྕགས་ལམ་ཐོག་ཅ་དངོས་ནག་རིལ་རིལ་ཞིག་དལ་བུར་འགུལ་བཞིན་ཡོད་པ་མཐོང་།
“ངས་སྐར་ཆ་ཁ་ཤས་ཐེ་ཚོམ་བྱས་མཐར་མེ་འཁོར་ཁ་འགོག་འགོ་ཚུགས་པ་ཡིན” མེ་འཁོར་དལ་དུ་ཕྱིན་པ་དང་བསྟུན་ནས་ཅ་དངོས་ནག་རིལ་རིལ་དེ་རིམ་བཞིན་ཆེ་རུ་ཕྱིན་པ་དང་། མིག་ཡག་པོ་བལྟ་དུས་དེ་ནི་དྲེད་མོང་ཞིག་ཡིན་པ་ཤེས་བྱུང་།
མཚོ་བོད་ལྕགས་ལམ་ཨ་མདོ་དུམ་བུའི་མཚོ་ནག་མཚོ་མོའི་ལམ་སྲུང་མཉམ་འགོག་རུ་ཆེན་གྱི་རུ་མི་བསོད་ནམས་མགོན་པོས་ལམ་ཐིག་ལ་སྐོར་ཞིབ་བྱེད་སྐབས། མཚོ་བོད་ལམ་ཐིག་གི་K1517ཉེ་འགྲམ་ནས་ལྕགས་དྲར་ཚུད་པའི་བྱ་གླག་གཅིག་རྙེད་པ་མ་ཟད། གཤོག་པར་རྨས་སྐྱོན་ཕོག་ཡོད། གནས་ཚུལ་འདི་མཐོང་རྗེས་ཁོང་གིས་འཕྲལ་མར་ཉེན་དོན་སྙན་སེང་ཞུས།
ནག་ཆུ་འབབ་ཚུགས་མངགས་གཏོང་ཁང་ཨ་མདོ་ཉེན་རྟོག་ལས་ཁུལ་གྱི་མི་དམངས་ཉེན་རྟོག་པ་ཀྲའེ་ཡུན་ཧྥེ་ཡིས་གནས་ཚུལ་ཐོས་འཕྲལ་ཡུལ་དངོས་སུ་བསྐྱོད་དེ་ཆེད་ལས་ཡོ་བྱད་ལ་བརྟེན་ནས་སྐྱོབ་རོགས་བྱས་པ་དང་འབྲེལ་ས་མཐོའི་སྲོག་ཆགས་ལ་སྲུང་སྐྱོང་ཡང་ཡག་པོ་བྱས་པ་རེད།
2026ལོའི་ཟླ་3པའི་ཉིན་ཞིག་གི་ཕྱི་དྲོར། གསེར་རྙེད་ཆུས་ལྷོ་མ་གྲོང་རྡལ་གྱི་ལམ་སྲུང་བ་བློ་བཟང་དོན་གྲུབ་ཀྱིས་ཁ་པར་བརྒྱབ་ནས། མཚོ་བོད་ལམ་ཐིག་གི་K1676+སྨི་300ཡི་སར་འདབ་ཆགས་ཆེན་པོ་ཞིག་ལ་རྨས་སྐྱོན་ཕོག་འདུག འོན་ཀྱང་དེ་ནི་བྱ་རིགས་གང་ཞིག་ཡིན་པ་གསལ་པོ་ཤེས་ཀྱི་མི་འདུག་ཅེས་གོང་ཞུ་བྱས།
ལས་རེས་མི་དམངས་ཉེན་རྟོག་པ་ཚེ་དབང་དང་ལས་རོགས་ཚོས་འཕྲལ་མར་རླངས་འཁོར་བཏང་ནས་ཡུལ་དངོས་སུ་བསྐྱོད་པ་དང་ཆབས་ཅིག ས་གནས་དེ་གའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བ་དང་འབྲེལ་བ་བྱས་པ་རེད། ཡུལ་དངོས་སུ་འབྱོར་རྗེས་ཚེ་དབང་གིས་འཕྲལ་མར་པར་བརྒྱབ་ནས་ནགས་ཚལ་དང་རྩྭ་ཐང་སྡེ་ཚན་ལ་བསྐུར། ནགས་ཚལ་དང་རྩྭ་ཐང་སྡེ་ཚན་གྱི་ལས་དོན་པས་དེ་ནི་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་སྲོག་ཆགས་བྱ་རྒོད་རིགས་ཡིན་པ་གཏན་འཁེལ་བྱས།
ལྕགས་ལམ་གྱི་བདེ་འཇགས་དོ་དམ་གྱི་གཏན་འབེབས་གཞིར་བཟུང་། སྐྱེ་བོ་སུ་ཞིག་ཀྱང་གང་འདོད་ལྟར་ལྕགས་ལམ་གྱི་ས་ཁོངས་སུ་འཛུལ་ཆོག་གི་མེད། ཚེ་དབང་གིས་འཕྲལ་མར་ལྕགས་ལམ་གྱི་འབྲེལ་ཡོད་སྡེ་ཚན་དང་འབྲེལ་བ་བྱས་ཏེ་ཁོང་ཚོར་ཞབས་ཞུའི་ལས་སྒྲུབ་རེ་ཞུ་བྱས་ནས་བྱ་རྒོད་དེ་མྱུར་སྐྱོབ་བྱས་པ་དང་སྦྲགས་ཐག་ཉེ་སའི་ལྷོ་མ་གྲོང་རྡལ་རོགས་སྐྱོབ་ས་ཚིགས་སུ་བསྐྱལ་བ་རེད།
མཚོ་བོད་ལྕགས་ལམ་ཨ་མདོ་དུམ་བུའི་མཚོ་ནག་མཚོ་ཡི་ལམ་སྲུང་མཉམ་འགོག་རུ་ཆེན་གྱི་རུ་མི་ཚོས་ད་བར་རུ་དཔོན་རྒན་པ་ཨ་འགྱུར་གྱི་སྲོལ་བཟང་རྒྱུན་འཛིན་བྱས་ནས། གཟའ་འཁོར་རེའི་གཟའ་པ་སངས་ཉིན་མཐའ་འཁོར་གྱི་ཡུལ་མི་སྒྲིག་འཛུགས་བྱས་ཏེ་མཚོ་འགྲམ་དང་ལྕཌ་ལམ་ལམ་རྒྱུད་དུ་གད་སྙིགས་སྒྲུག་པར་འགྲོ་གི་ཡོད། “མཛེས་ལྗོངས་དེ་ལོངས་སུ་སྤྱོད་དགོས་ཚེ་རང་ཉིད་ཀྱིས་སྲུང་སྐྱོང་ཡག་པོ་བྱེད་དགོས”ཞེས་པའི་རུ་དཔོན་རྒན་པའི་སྐད་ཆ་དེ་ཐོག་མཐའ་བར་གསུམ་དུ་ཁོང་ཚོའི་སེམས་ལ་བརྟན་པོར་ངེས་ཡོད།
ལྕགས་ལམ་ལམ་རྒྱུད་དུ“མིག་འབྲས་ལ་གཅེས་པ་ལྟར་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོང་བྱེད་པ་དང་། ཚེ་སྲོག་ལ་གཅེས་པ་ལྟར་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱེད་དགོས་པ”དང“རྩྭ་རྩི་ཤིང་ཚུན་ཆད་ལ་སྲུང་སྐྱོང་བྱས་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་པ”ལ་སོགས་པའི་དྲིལ་བསྒྲགས་བྱང་བུ་གང་སར་མཐོང་རྒྱུ་ཡོད། སྐྱེ་ཁམས་ཉེན་དོན་ས་ཚིགས་དེའང་དོན་མེད་དུ་ཐོན་པ་ཞིག་མིན་པར་ལས་དོན་པས་ལམ་དེ་བགྲང་བྱ་ཉི་ཤུ་བསྲུངས་ཏེ་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་པའི་ལྷན་སྐྱེས་ཀྱི་ནུས་པ་དག་ལམ་ལུགས་ཆ་ཚང་ཞིག་ནང་མཉམ་འདྲེས་བྱས་པ་ཞིག་རེད།
སྐྱེ་ཁམས་ཉེན་དོན་ས་ཚིགས་བཙུགས་རྗེས་ལས་ཡུལ་དང་གྲོང་ཚོ་མང་པོར་བསྐྱོད་པ་སོགས་ནག་ཆུ་འབབ་ཚུགས་མངགས་གཏོང་ཁང་གིས་ལམ་རྒྱུད་དུ་ཁོར་ཡུག་སྲུང་སྐྱོང་གི་སྒྲོག་འགྲེལ་བྱས་པ་སྟེ། དཔེར་ན“ཁྱིམ་གྱི་ནོར་ལུག་དག་ལྕགས་རའི་ནང་འདེད་མི་རུང་བ་དང་། ལམ་འགྲམ་གྱི་གད་སྙིགས་ཞོར་ལ་སྒྲུག་དགོས་པ”དང་། ཨར་སྐྲུན་ཁེ་ལས་ལའང་སྒྲིག་ལམ་བཟོས་ཏེ། ན་ཁ་གང་བྱུང་དུ་བརྫིས་མི་རུང་བ་དང་གད་སྙིགས་གང་བྱུང་དུ་དབྱུག་མི་རུང་བ་ལ་སོགས་སྒྲོག་འགྲེལ་བྱེད་པ་དང་། གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བཅའ་ཁྲིམས》སོགས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གསལ་འགྲེལ་བརྒྱབ་པ་མ་ཟད། གནད་དོན་རེ་རེ་བཞིན་ལ་དུས་བཀག་ལྟར་ཞིབ་བཤེར་ཡང་བྱེད་ཀྱི་ཡོད།
འཐབ་ས་དང་པོའི་མི་དམངས་ཉེན་རྟོག་པས་འཕྲལ་མར་བརྡར་ཤ་ཡང་དག་གཅོད་ཐུབ་པ་བྱ་རྒྱུ་དེ་ལྟས་ཚོད་ལ་སྟབས་བདེ་པོ་ཡོད་མོད། འོན་ཀྱང་ཆེད་ལས་ཀྱི་སྦྱོང་བརྡར་བྱེད་མྱོང་མེད་པས། མི་དམངས་ཉེན་རྟོག་པ་ཡུལ་དངོས་སུ་འབྱོར་སྐབས་སེམས་ཁྲལ་བྱ་རྒྱུ་ལས་ཐབས་གཞན་མེད།
འཇོན་ཐང་དང་ནུས་པ་ཆེ་རུ་གཏོང་རྒྱུ་དེ་ཁ་ཚ་དགོས་གཏུག་ཅིག་ཏུ་གྱུར་ཡོད།
“‘སྐྱེ་ཁམས་ཉེན་དོན’ནི་ཐོན་ཁུངས་གསབ་རེས་དང་མཉམ་འཛིན་སྤྱི་སྒྲུབ་ཀྱི་ལས་དོན་ཞིག་རེད”ཅེས་ཨ་མདོ་རྫོང་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་དང་ཅུས་ཀྲང་བདེ་སྐྱིད་ཀྱིས་བརྗོད་པ་དང་། ཁོང་གིས“ད་ཆ་རྫོང་ཡོངས་ཀྱི་གྲོང་ཚོ་ཚང་མར་ནགས་ལས་དང་རྩྭ་ཐང་ཁོངས་གཏོགས་ཀྱི་བདག་སྐྱོང་རུ་ཁག་ཡོད་པས། ཁོང་ཚོས་རི་སྐྱེས་སྲོག་ཆགས་མྱུར་སྐྱོབ་ཐུབ་པ་དང་། འགྲོ་གྲོན་དང་དངོས་ཟོག་ལའང་འགན་ལེན་འདང་ངེས་ཡོད་མོད། འོན་ཀྱང་སྲོག་ཆགས་ཀྱི་ནད་བརྟག་སྨན་བཅོས་དང་རིམས་ནད་ཞིབ་དཔྱད་ཀྱི་ཆེད་ལས་ནུས་པ་མི་འདང་བས་སྡེ་ཚན་གཞན་དང་མཉམ་ལས་བྱེད་དགོས་ཀྱི་ཡོད”ཅེས་བརྗོད།
རི་སྐྱེས་སྲོག་ཆགས་ཀྱི་རོགས་སྐྱོབ་ཐག་གཅོད་སྦྲེལ་ཐག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས། རྩྭ་ཐང་གི་སྐྱེ་ཁམས་བདེ་འཇགས་དང་རི་སྐྱེས་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྲུང་ཡོལ་གཉིས་བརྟན་དུ་གཏོང་བའི་ལས་དོན་དེར་སྡེ་ཚན་ཁག་གིས་རང་འགན་གཙང་སྒྲུབ་དང་། མཐུན་སྦྱོར་གཞོགས་འདེགས། སྐུལ་འདེད་ཏན་ཏིག་བཅས་བཏང་སྟེ་ལག་ལེན་ཁྲོད་ནས་རྒྱུན་ཆད་མེད་པར་ལེགས་སུ་བཏང་ཡོད།
ལམ་ལུགས་འཛུགས་སྐྱོང་ནི་བྱེད་ཐེངས་གཅིག་ལ་སྒྲུབ་ཐུབ་པ་ཞིག་གཏན་ནས་མིན། ནག་ཆུའི་སྐྱེ་ཁམས་ཉེན་དོན་ས་ཚིགས་བཙུགས་ནས་ཟླ་བ་གསུམ་ལས་ཕྱིན་མེད་ལ། ཟླ་བ་གསུམ་རིང་ལམ་ལུགས་ཀྱང་ད་དུང་འཐུས་སྒོ་ཚང་པོ་བྱུང་མེད་པས། ཞིབ་ཕྲའི་གནས་ཚུལ་མང་པོ་ཞིག་ལག་ལེན་ཁྲོད་ནས་རིམ་བཞིན་འཐུས་སྒོ་ཚང་དུ་གཏོང་དགོས་ཀྱི་ཡོད།
གསོ་སྦྱོང་རིམ་བཞིན་བྱེད་དགོས་པ་དང་། ཡོ་བྱད་རེ་རེ་བཞིན་སྒྲིག་སྦྱོར་ཡག་པོ་བྱེད་དགོས་ལ། འབྲེལ་གཏུག་རེ་རེའི་ཁྲོད་ནས་སྡེ་ཚན་དབར་མ་གྲོས་གཅིག་མཐུན་ཡོང་བའང་བྱེད་དགོས།
སྟབས་ལེགས་པ་ཞིག་ལ་ཁོང་ཚོས་བྲེལ་བ་བྱེད་མི་རུང་བའི་ལས་དོན་ལ་དུས་ཚོད་ཀྱིས་རྨང་གཞི་ཡག་པོ་ཞིག་བཏིང་ཡོད་དེ། མཚོ་བོད་ལྕཌ་ལམ་ཐོག་མེ་འཁོར་ཤར་གཏོང་ཐུབ་ནས་བགྲང་བྱ་ཉི་ཤུ་སོང་རིང་ཉམས་མྱོང་མང་པོ་བསགས་ཡོད་ལ་ལམ་ལུགས་ཀྱང་གྲུབ་ཡོད་པས། ད་ཆ་སྒྲུབ་དགོས་པ་ནི་ཉམས་མྱོང་དང་ལམ་ལུགས་འབྲེལ་མཐུད་བྱ་རྒྱུ་དེ་རེད།
མཁའ་ལམ་གྱི“སྐྱེ་ཁམས་ཉེན་དོན”ནི་འབོད་ཚིག་ཙམ་ཞིག་གཏན་ནས་མིན་པར། དེ་ནི་ལྕགས་ལམ་དེད་ནས་གོམ་པ་རེ་རེ་བཞིན་མདུན་དུ་སྐྱོད་པའི་བྱ་སྤྱོད་དངོས་ཤིག་ཡིན་པས། ཇི་ཙམ་བསྒྲུབས་པ་དེ་ཙམ་གྱིས་གསར་དུ་དང་ཇི་ཙམ་བསྒྲུབས་པ་དེ་ཙམ་གྱིས་སྤུས་ཚད་ལེགས་སུ་འགྲོ་བཞིན་ཡོད། ས་མཐོའི་རྩྭ་རྩི་ཤིང་ཚུན་ཆད་ལ་སྲུང་སྐྱོང་བྱེད་པའི་གཏམ་རྒྱུད་དེ་ནམ་ཡང་ཚར་དུས་མེད།
འབྲེལ་ཡོད་གསར་འགྱུར།