རང་ལྗོངས་ཀྱི་ཤར་ལྷོའི་རྒྱུད་ནས་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་རི་སྐྱེས་སྲོག་ཆགས་གསུམ་ཤེས་རྟོགས་བྱུང་བ།
ཉེ་ཆར། ཆབ་མདོ་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ལྷོ་ནུབ་བརྟག་དཔྱད་འཆར་འགོད་ཁང་དང་ཀྲུང་གོ་ཚན་རིག་ཁང་ཁུན་མིང་སྲོག་ཆགས་ཞིབ་འཇུག་ཁང་དང་མཉམ་དུ་ཆབ་མདོའི་ལྷོ་རྒྱུད་རྒྱལ་མོ་རྔུལ་ཆུའི་འབབ་རྒྱུད་དུ་སྐྱེ་ཁམས་སྲུང་སྐྱོང་སླར་གསོའི་ད་ཡོད་གནས་ཚུལ་ལ་བརྟག་དཔྱད་དང་ཚོད་སྐོར་བྱེད་སྐབས། ས་ཁོངས་དེ་ནས་གཟིག་དང་། ཤྭ་བ་མཆུ་དཀར། གཡི་སོགས་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་རི་སྐྱེས་སྲོག་ཆགས་རིགས་གསུམ་གྱི་འགུལ་སྐྱོད་རྗེས་ཤུལ་ཐོག་མར་ཐོ་བཀོད་ཐུབ་པ་དེ་ལས་རང་་ལྗོངས་ཀྱི་ཤར་ལྷོའི་རྒྱུད་ནས་ཤེས་རྟོགས་བྱུང་བའི་གོང་གསལ་སྲོག་ཆགས་རིགས་ཀྱི་ཁྱབ་ཚུལ་རྒྱ་ཆེར་སོང་ནས་མཚོ་བོད་ས་མཐོའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གི་ཕན་འབྲས་ལ་བདེན་དཔང་ཐུབ་ཡོད།
ད་ཐེངས་ཤེས་རྟོགས་བྱུང་བའི་རི་སྐྱེས་སྲོག་ཆགས་རིགས་གསུམ་པོ་རྒྱལ་ཁབ་ཀྱི་རིམ་པ་དང་པོའམ་ཡང་ན་རིམ་པ་གཉིས་པའི་གཙོ་གནད་སྲུང་སྐྱོང་བྱ་རིགས་རེད། གཟིག་ནི་ནགས་ཚལ་དང་ནགས་རྫོབ་སོགས་ཀྱི་འཚོ་ཁུལ་སྣ་ཚོགས་ལ་སྡོད་ཀྱི་ཡོད་པ་དང་རྟག་ཏུ་མཚན་དགུང་དུ་འགུལ་སྐྱོད་བྱས་ནས་རྨིག་པ་ཅན་གྱི་སྲོག་ཆགས་ཟ་བ་དང་། ཤྭ་བ་མཆུ་དཀར་ནི་མཚོ་བོད་ས་མཐོའི་དམིགས་བསལ་དངོས་རིགས་ཤིག་ཡིན་པ་དང་གཙོ་བོ་ས་བབ་སྨི་3500ནས་5000བར་གྱི་ནགས་ཚལ་དང་ནགས་རྫོབ་དང་དེ་བཞིན་རི་མཐོའི་སྤང་ལྗོངས་སུ་འཚོ་བ། གཡི་ནི་གྲང་ངར་གྱི་ཁོར་ཡུག་ཁྲོད་འཚོ་བའི་སྲོག་ཆགས་ཤིག་ཡིན་པས་འཚོ་སྡོད་བྱེད་སར་སྣ་མང་རང་བཞིན་ལྡན་པ་དང་གྲང་རྒྱུད་ཕལ་པའི་ལོ་ཕྲའི་ཤིང་ནགས་ནས་མཐོ་གྲང་ཐང་རྒོད་བར་ཚང་མར་ཁྱབ་ཡོད། དེ་གསུམ་ས་ཁོངས་གཅིག་ཏུ་མངོན་པ་ལས་ཆབ་མདོའི་ལྷོ་རྒྱུད་རྒྱལ་མོ་རྔུལ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་མ་ལག་གི་གྲུབ་ཆ་འཐུས་སྒོ་ཚང་དུ་སོང་བ་དང་ཟ་རིགས་འཁོར་འབྲེལ་གྱི་འབྲེལ་བ་བརྟན་པོ་ཡོད་པ་མཚོན་ཡོད།
འབྲེལ་ཡོད་གསར་འགྱུར།