དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • ཆུ་ཚན་མགྲོན་ཁང་གཉེར། ཕྱུག་འགྱུར་ལམ་བུ་ཡངས།

    —— ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་འོལ་ཁ་ཆུ་ཚན་མཛེས་ལྗོངས་ཁུལ་རྒྱས་སྐྲུན་བྱ་ཡུལ་གྱི་མཐོང་ཐོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-06-15

    “གཟིགས་དང་། ཕ་གི་ངའི་ཁང་གསར་པ་རེད”ཅེས་ཡུལ་མི་སྐྲ་བཟང་གིས་ཐག་རིང་རི་ལྡེབས་ཀྱི་ཉིན་ངོས་དེར་མཛུབ་མོ་འཛུགས་བཞིན་དུ་བཤད་ཅིང་། དེ་གར་ཨར་འདམ་གྱི་སྒྲོམ་གཞི་བསླངས་ཟིན་པའི་སྡོད་ཁང་གསར་པ་83གྲལ་སྟར་འགྲིག་པོས་གནས་ཡོད་པ་དང་། དགུང་སྔོན་འོག་ལྕགས་སྒྲོམ་དང་སོ་ཕག་གི་གྱང་དག་རིམ་པས་མཐོན་པོར་བརྩེགས་ཏེ་གངས་ལྗོངས་ས་མཐོའི་རི་ཐང་དུ་རྩ་བ་བརྟན་པོར་ཚུགས་ཡོད། ཟངས་རི་རྫོང་རྫིང་ཕྱི་ཤང་ཞོལ་པ་གྲོང་ཚོར་གནས་པའི་འོལ་ཁ་ཆུ་ཚན་ནི་རི་ཚོགས་ཀྱིས་བསྐོར་ཡོད། གྲོང་ཚོ་དེ་ནི་རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གྱི་གཙོ་གནད་གྲོང་ཚོ་ཞིག་ཡིན་ལ། ཆུ་ཚན་ལུས་གསོའི་གནས་མཆོག་ཅིག་ཀྱང་ཡིན། སྐྲ་བཟང་གིས་ལོ་འཁོར་མོར་ལྷུང་ལྷུང་དུ་བཞུར་བའི་ཆུ་ཚན་དྲོན་མོ་འདིར་བརྟེན་ནས་དམངས་སྲོལ་གནས་ཚང་གཉེར་ཏེ་ལོ་10ཙམ་སོང་ཞིང་། སྒོ་རའི་ནང་གི་སྒྲོག་ཙེ་རྐུབ་སྟེགས་དང་། མགྲོན་ཁང་གི་ཉལ་ཆས་དེ་དག་ནི་ཁོང་ཁྱིམ་གྱི་འཚོ་ཐབས་ཡོད་ཚད་ཡིན་ལ། ས་གནས་དེ་གའི་ཡུལ་མི་ཚོའི་ཡོང་འབབ་ཡོང་ཁུངས་ཤིག་ཀྱང་ཡིན།

    ཉིན་ཤས་གོང་། གསར་འགོད་པ་མཛེས་ལྗོངས་ཁུལ་འཛུགས་སྐྲུན་བྱ་ཡུལ་དུ་སྐྱོད་སྐབས། འཕྲུལ་འཁོར་ལྡིར་སྒྲའི་ཁྲོད། ས་འབུད་འཕྲུལ་འཁོར་གྱིས་ས་ཁོད་སྙོམས་པ་དང་། རྐོ་འདྲེའི་འཕྲུལ་འཁོར་གྱིས་ཡུར་བུ་འདྲུ་བ། ས་རྡོ་དབོར་མཁན་རླངས་འཁོར་གྱིས་ཨར་ལས་རྒྱུ་ཆ་བླུགས་ནས་ཕར་འགྲོ་ཚུར་འོང་བྱེད་པ་མ་ཟད། བཟོ་པ་ཚོས་བདེ་འཇགས་ཞྭ་མོ་གྱོན་བཞིན་དུ་ལྕགས་རྩིབས་ཀྱི་བརྡར་སྒྲ་དང་། གློག་གསོར་གྱི་སྦིར་སྒྲ ཨར་འདམ་དཀྲུག་པའི་སྒྲ་བཅས་ཀྱི་ཁྲོད་ལྕགས་རྩིབས་བསྡམ་བཀྱིག་དང་ཨར་འདམ་གྱི་ལུགས་བརྒྱབ་སྟེ། ས་མཐོར་ཨར་ལས་བྱེད་པའི་དུས་ཚོད་ཡག་ཤོས་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་བྱེད་བཞིན་པ་མཐོང་བྱུང་།

    རྫིང་ཕྱི་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཀའོ་ཐའོ་ཡིས་ལས་ཡུལ་གྱི་འགྲམ་དུ་ལངས་ཏེ་ཡུག་འབྲེལ་གྱི་སྡོད་ཁང་གསར་པར་ལྟ་བཞིན་དུ་ཞོལ་པ་གྲོང་ཚོའི་ཡུལ་སྐོར་རིམ་སྤོར་རྣམ་གྲངས་ཀྱི་40%ཙམ་ལེགས་གྲུབ་ཟིན་པས་མགྱོགས་ཤོས་ལ་འདི་ལོའི་ཟླ་བཅུ་གཅིག་པར་རྩིས་སྤྲད་ནས་སྤྱོད་ཐུབ་རྒྱུ་རེད་ཅེས་གསར་འགོད་པར་བཤད།

    རྣམ་གྲངས་འདི་བསྐྲུན་ཟིན་རྗེས། ཞོལ་པ་གྲོང་ཚོར་ཚད་གཞི་མཐོ་བའི་དམངས་སྲོལ་གནས་ཚང་རྩེ་གྲ་60མང་དུ་དང་ཉལ་ཁྲི་700ནས་1400བར་མང་དུ་བཏང་སྟེ། གྲོང་མིའི་སྡོད་ཁང་རྙིང་པ་དང་བེད་མེད་ཀྱི་ཞིང་པའི་སྡོད་ཁང་དག་གྲལ་འགྲིག་ལ་བཀོད་པ་ལེགས་པའི་ཁྱད་ལྡན་མགྲོན་ཁང་ལ་གཅིག་གྱུར་རིམ་སྤོར་གྱིས་མཛེས་ལྗོངས་ཁུལ་གྱི་སྣེ་ལེན་བྱེད་ནུས་ཆེ་རུ་ཤུགས་ཆེན་གཏོང་རྒྱུ་ཡིན་པ་རེད།

    རིག་གནས་ཡུལ་སྐོར་རྣམ་གྲངས་གལ་ཆེན་གཅིག་རྗེས་གཉིས་མཐུད་ངང་དོན་འཁྱོལ་བྱས་པ་དང་ཆབས་ཅིག འོལ་ཁ་ཆུ་ཚན་འཕེལ་རྒྱས་གཏོང་བར་འགྲིམ་འགྲུལ་གྱི་བཅུར་འགག་གནད་དོན་རེ་རེ་བཞིན་སེལ་བཞིན་ཡོད། ཀྱག་ཀྱོག་གི་ཞིང་ཆེན་ལམ་S507བརྒྱུད་སྐབས། མཁར་སྣ་གྲོང་ཚོ་ནས་ཚོད་པ་གྲོང་ཚོ་བར་གྱི་ལམ་དུམ་གྱི་སྤུས་ཚད་མཐོར་གཏོང་སྒྱུར་བཀོད་བྱ་ཡུལ་དུ་བྲེལ་བརྩོན་ཆེ་བའི་རྣམ་པ་མཐོང་རྒྱུ་ཡོད། རྐོ་འདྲུའི་འཕྲུལ་འཁོར་གྱིས་ལམ་ཆེ་རུ་གཏོང་བ་དང་། ལམ་གནོན་འཕྲུལ་འཁོར་གྱིས་ལམ་ངོས་ལ་བཅག་བཅག་ཡང་སེ་བཏང་སྟེ། སྤྱི་ལེ་4.3ཟིན་པའི་ཞིང་ཆེན་ལམ་དཀྱུས་མ་དེ་ཞེང་ཚད་ལ་སྨི་12ཟིན་པའི་རིམ་མཐོའི་ཡུལ་སྐོར་གཞུང་ལམ་དུ་རིམ་སྤོར་བྱེད་བཞིན་ཡོད་པ་དང་། ཕྱོགས་གཉིས་སུ་འཁོར་ལམ་གཉིས་ཡོད་པའི་སྣུམ་ནག་ལམ་འདི་ཐག་རིང་རི་ཁུག་ཏུ་བསྲིངས་ཡོད།

    “ལམ་དེ་འོལ་ཁ་ཆུ་ཚན་དང་གཟི་བྱིན་བླ་མཚོ་སོགས་མཛེས་ལྗོངས་ཁུལ་གཙོ་བོ་དང་སྦྲེལ་ཡོད་པས་མཛེས་ལྗོངས་ཁུལ་ནས་ཕྱི་ཕྱོགས་སུ་བསྐྱོད་ས་ཞིག་ཤར་གཏོང་ཐུབ་ཡོད། ལོ་མཇུག་གོང་ལས་མཇུག་འགྲིལ་ནས་དུས་ཆེན་དང་གུང་གསེང་རིང་མཛེས་ལྗོངས་ཁུལ་དུ་ལམ་ཤར་གཏོང་མི་ཐུབ་པའི་དཀའ་ངལ་རྦད་དེ་བསལ་རྒྱུ་རེད”ཅེས་ལམ་གཞི་འདིང་ཡུལ་དུ་གནས་པའི་ས་གནས་ཀྱི་ཨར་སྐྲུན་བ་ཞིག་གིས་དེ་ལྟར་བཤད།

    དམངས་སེམས་ཕྱོགས་ས་དང་སྲིད་སྐྱོང་བྱ་ཡུལ་ཞིག་ཏུ་གྱུར་ཞིང་། ཟངས་རི་རྫོང་ཨུད་ཀྱི་རྒྱུན་ཨུ་དང་རྫོང་དཔོན་གཞོན་པ་དབྱང་ཀྲེན་གྱིས། རིམ་རྩིས་བརྒྱབ་ན་རྫོང་ཡོངས་ཀྱིས་མ་དངུལ་སྒོར་དུང་ཕྱུར་1.8ལྷག་ཙམ་བཏང་ནས་འོལ་ཁ་ཆུ་ཚན་གྱི་གཙོ་གནད་རིག་གནས་ཡུལ་སྐོར་རྣམ་གྲངས་4ལ་དུས་གཅིག་ཏུ་སྐུལ་འདེད་བཏང་སྟེ། ཡུལ་སྐོར་གྱི་སྤྱི་པའི་ཞབས་ཞུའི་ལེ་ལག་ཚང་བ་དང་། གཞུང་ལམ་གྱི་སྤུས་ཚད་མཐོར་གཏོང་རིམ་སྤོར། སྡོད་མལ་ཁོར་ཡུག་བཅོས་སྒྲིག རིག་གནས་ཡུལ་སྐོར་ལས་རྣམ་མཉམ་འདྲེས་བཅས་ཁག་ཆེན་པོ་བཞིར་ཁྱབ་པར་བྱས་པ་མ་ཟད། ས་མཐོའི་ཆུ་ཚན་དང་། དམངས་སྲོལ་རིག་གནས། རང་བྱུང་སྐྱེ་ཁམས་སོགས་ས་གནས་དེ་གའི་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་ཐོག བོད་སྐྱོར་རོགས་སྐྱོར་གྱི་ཐོན་ཁུངས་དང་སྦྲེལ་མཐུད་གནད་སྨིན་བྱས་ཏེ་རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་གཏོང་རྒྱུ་དེ“མཛེས་ལྗོངས་རྐྱང་པའི་ཡུལ་སྐོར”ནས་ས་ཁོངས་ཧྲིལ་པོ་དང་སྤུས་ཚད་ཅན་གྱི“ས་ཁོངས་ཧྲིལ་པོའི་ཡུལ་སྐོར”ཕྱོགས་སུ་བརྟན་པོའི་ངང་བསྐྱོད་པར་སྐུལ་འདེད་བཏང་ནས། མང་ཚོགས་ཀྱིས་རང་ཁྱིམ་གྱི་སྒོ་རྩ་ནས“ཡུལ་སྐོར་གྱི་ཡོང་འབབ”བརྟན་པོ་གསོག་ཐུབ་རྒྱུ་རེད་ཅེས་ངོ་སྤྲོད་བྱས།

    འགན་འཁུར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།