གངས་ལྗོངས་ས་མཐོར་ལྗང་མདོག་འཕེལ་རྒྱས་ཀྱི་འཆར་གཞི་གསར་པ་འགོད་པ།
དབྱར་འགོར་ས་མཐོའི་གང་སར་སྔོ་ལྗང་གོས་ཀྱིས་བཀླུབས་ནས་ཡུལ་ལྗོངས་ལྟ་ན་སྡུག་ཅིང་། ཡར་ཀླུང་གཙང་པོའི་ངོགས་ནས་སེང་གེ་ཁ་འབབ་བར་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་། གནམ་ལྕགས་འབར་བའི་ལྗོངས་གཟིགས་སྒང་ནས་ཇོ་མོ་གླང་མའི་སྒར་ས་ཆེ་མོའི་བར་ཡུལ་སྐོར་བ་རྒྱུན་ཆད་རྒྱུ་མེད་པ། གྲོང་ཁྱེར་གྱི་ཁྲོམ་གཞུང་ནས་ཐག་རིང་གྲོང་གསེབ་བར་མང་ཚོགས་ཀྱི་བཞིན་ལས་བདེ་སྐྱིད་ཀྱི་འཛུམ་མདངས་འཕྱུར།
བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་75སོང་རིང་། བོད་ཀྱིས་སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་དང་དམངས་འཚོའི་བདེ་རྩ་རྒྱུན་མཐུད་ཆེ་རུ་བཏང་བས། སྐྱེ་ཁམས་མཛེས་སྡུག་ལྡན་པ་དང་། ཐོན་ལས་དར་ཞིང་རྒྱས་པ། མི་དམངས་བདེ་ཞིང་སྐྱིད་པ་བཅས་ཀྱི་ས་མཐོའི་རྣམ་པ་གསར་པ་ཞིག་རིམ་གྱིས་མངོན་བཞིན་ཡོད།
སྐྱེ་ཁམས་བདེ་འཇཌ་སྲུང་བཅད་བརྟན་དུ་བཏང་བ།
བོད་དུ་རིན་ཐང་ཆེ་ཤོས་དང་། འགན་འཁྲི་ཆེ་ཤོས། གཏིང་ཤུགས་ཆེ་ཤོས་བཅས་ནི་སྐྱེ་ཁམས་ཡིན། ཀུན་བདེ་གླིང་རྩྭ་ཐང་དུ་འབྲོག་པ་ཚོས“སྦྲ་གུར”འབྲོག་ཁྱིམ་སྤྲོ་སྐྱིད་ཁང་དུ་སྒྱུར་བཟོ་བྱས་ཤིང་། ཡུལ་མི་མགོན་པོ་ཚེ་རིང་གིས་ཁྱིམ་མཚེས་དང་མཉམ་དུ་འབྲོག་ཁྱིམ་སྤྲོ་སྐྱིད་ཁང་གཉེར་ཡོད། ཉིན་ལྟར་ལས་ཐག་མ་བཅད་གོང་ཁོང་ཚོས་གད་སྙིགས་ཚང་མ་བསྡུ་རུབ་བྱས་ནས་རྫོང་གི་གད་སྙིགས་དབོར་འདྲེན་རླངས་འཁོར་གྱིས་གཅིག་གྱུར་ལེན་པར་ཡོང་རྒྱུ་སྒུག་སྡོད་ཀྱི་ཡོད། “རྩྭ་ཐང་ནི་ང་ཚོའི་འཚོ་རྟེན་ཉག་ཅིག་ཡིན་པས་སྲུང་སྐྱོང་ཡག་པོ་བྱས་ན་གཞི་ནས་ཡུལ་སྐོར་བའི་ཡིད་དབང་འགུག་ཐུབ”
ཡར་ཀླུང་གཙང་པོའི་བྱང་ངོགས་ཀྱི་ལྷོ་ཁའི་དུམ་བུར། ཟངས་རི་རྫོང་རོང་ཤང་དོག་ནང་གྲོང་ཚོའི་ཡུལ་མི་ཕུར་བུ་ཚེ་རིང་གིས་རྒྱང་འཛིན་ཡོ་ཆས་ལ་བརྟེན་ནས་སྡོང་ཕྲུག་བཀལ་བའི་མི་མེད་གནམ་གྲུ་མཁའ་དབྱིངས་སུ་བཏང་སྟེ་འཆར་འགོད་མཁའ་ལམ་བརྒྱུད་སྡོང་ཕྲུག་དམིགས་སར་བསྐྱལ་བ་རེད། “དེ་སྔ་མི་དང་རྟ་དྲེལ་ལ་བརྟེན་ནས་དབོར་དགོས་པས་ཉིན་གཅིག་ལ་སྡོང་ཕྲུག་རྐང་ཁ་ཤས་ལས་དབོར་ཐུབ་ཀྱི་མེད། ད་ཆ་སྐར་མ་ཁ་ཤས་ནང་དབོར་ཚར་བ་མ་ཟད། སྡོང་ཕྲུག་གསོན་ཚད་སྔོན་མ་ལས་མཐོ་བ་འདུག”ཅེས་ཕུར་བུ་ཚེ་རིང་གིས་བཤད་ཅིང་། ཁོང་གིས་བཤད་པ་དེ་ནི་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་སྐོར་རེད།
2021ལོར་ལས་གྲྭ་ལག་ལེན་བསྟར་འགོ་ཚུགས་ཚུན་རིམ་རྩིས་བརྒྱབ་ན་ནགས་བཟོ་མུའུ་ཁྲི་110ལྷག་ཙམ་བྱས་པར་སྡོང་ཕྲུག་གསོན་ཚད་85%ཡན་ཟིན་ཡོད།
རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་དུ་གཏོང་བའི་ཐད། བོད་ཀྱིས་ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་སྲུང་སྐྱོང་ལམ་ལུགས་ནན་ཤོས་མཐའ་འཁྱོངས་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་གཅིག་འདོམས་སུ་བྱས་པ་དང་བརྒྱུད་རིམ་ལྡན་པའི་སྐྱེ་ཁམས་སླར་གསོ་འདེགས་སྐྱོར་དུ་བྱས་པའི་རྣམ་པ་ཆེན་པོ་རིམ་བཞིན་བཏོད་ཡོད། ལོ་ལྔའི་རིང་། བོད་ཀྱིས་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་364བཏང་ནས་སྐྱེ་ཁམས་ལས་གྲྭ་ཁག་66ལག་བསྟར་བྱས་པ་དང་། སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་པའི་དམིགས་ཚད་ཁག་21རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། མིག་སྔར། ལྗོངས་ཡོངས་ཀྱི་རང་བྱུང་སྲུང་སྐྱོང་ས་ཆའི་རྒྱ་ཁྱོན་གྱིས་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་36.08%བཟུང་བ་དང་སྐྱེ་ཁམས་དམར་ཐིག་རྒྱ་ཁྱོན་གྱིས་50%ལྷག་ཙམ་བཟུང་ནས“གཙང་གསུམ་ཆུ་འགོར”(གདང་ལའི་བྱང་རྒྱུད་ས་ཁོངས)རྒྱལ་ཁབ་སྤྱི་གླིང་གི་ཆོག་མཆན་ཐོབ་ཡོད། སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་འཇོག་པ་མཐའ་འཁྱོངས་བྱས་པས་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལྗང་མདོག་གི་གཞི་མདངས་སྔར་བས་བཀྲག་མདངས་འཚེར་བར་གྱུར་ཡོད།
ཁྱད་ལྡན་ལེགས་ཆའི་ཐོན་ལས་གཙོ་གནད་ཐོག་གཉེར་བ།
བོད་ཀྱིས་ནུས་རྒྱུ་གཙང་མ་དང་རིག་གནས་ཡུལ་སྐོར་སོགས་ཁྱད་ལྡན་ལེགས་ཆའི་ཐོན་ལས་ཆེན་པོ་དགུ་འཕེལ་རྒྱས་གཏོང་ཕྱོགས་གཙོ་བོར་བརྩིས་ནས་རི་སྔོན་ཆུ་དྭངས་གསེར་དངུལ་རིར་དངོས་སུ་འགྱུར་བར་བྱས་ཡོད།
བོད་ཀྱི་ནུས་རྒྱུ་གཙང་མའི་གློག་གིས་སྐར་ཆ་6ལས་མི་འགོར་བར་བར་ཐག་སྤྱི་ལེ་1900ཆོད་པའི་ཧུའུ་པེའི་ཁྱིམ་ཚང་ཁྲི་སྟོང་མང་པོར་འོད་སྣང་སྦྱིན་ཐུབ། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སི་འཛུགས་སྐྲུན་པུའི་ཀྲུའུ་རེན་ཧོ་ལུང་ཧྲོའུ་ཡིས། ན་ནིང་ཅིན་ཧྲང་ནས་ཧུའུ་པེའི་ཆན་ཧྥུའུ་±800ཡི་ཆེས་མཐོ་གནོན་ཐད་རྒྱུག་གློག་གཏོང་ལས་གྲྭ་དངོས་སུ་སྤྱོད་འགོ་ཚུགས་ནས་བོད་ཀྱི་ནུས་རྒྱུ་གཙང་མའི་གློག་གཞི་ཁྱོན་ཅན་གྱི་སྒོ་ནས་ཕྱིར་གཏོང་བྱེད་པའི་ཐད“ཆེས་མཐོ་གནོན་གྱི་དུས་རབས”སུ་སླེབས་ཡོད། 2015ལོར“བོད་གློག་ཕྱིར་གཏོང”ཐེངས་དང་པོ་བྱས་ཚུན། བོད་ཀྱིས་ནུས་རྒྱུ་གཙང་མའི་གློག་ཆུ་ཚོད་ཆན་ཝ་དུང་ཕྱུར་170ལྷག་ཙམ་ཕྱིར་གཏོང་བྱས་པར་རྒྱལ་ཡོངས་ཀྱི་ཞིང་ཆེན་20ལ་ཁྱབ་ཡོད།
ནུས་རྒྱུ་གཙང་མའི་ལྗང་མདོག་འཕེལ་རྒྱས་ཀྱི་སྒུལ་ནུས་ཆེ་རུ་ཕྱིན་པ་དང་ཆབས་ཅིག་ས་མཐོའི་རིག་གནས་དང་ཡུལ་སྐོར་ཐོན་ལས་ཀྱང་ཀ་རྟེན་ཐོན་ལས་སུ་གྱུར་ཡོད།
ཉེ་ཆར“གངས་ལྗོངས་གནའ་གྲོང་། གནས་མཆོག་ལྷ་ས”ཞེས་པའི་བརྗོད་དོན་གཙོ་བོའི་དུས་གཏན་གནམ་གྲུ་ཐེངས་དང་པོ་བཏང་བ་དང་བསྟུན་ནས་ལྷ་སའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་གཉིས་པ་འགོ་ཚུགས་པ་རེད། མཚན་མོ་ལྷ་ས་སྐྱིད་ཆུའི་འགྲམ་དུ་འཆམ་འཆམ་ལ་འགྲོ་བ་དང་མངོན་མིན་རིག་གནས་ཤུལ་བཞག་ལ་ཉམས་ལེན་བྱེད་པ་སོགས་རིག་གནས་དང་ཡུལ་སྐོར་ཐོན་རྫས“མཛེས་ལྗོངས་ལ་ལྟ་བ”ནས“འཚོ་བར་མྱོང་རོལ”བྱེད་པར་འགྱུར་ལྡོག་ཕྱིན་ཡོད།
ཉེ་བའི་ལོ་ཤས་རིང་། བོད་ཀྱིས་ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་བཏང་བས་ཐོན་ལས་ཆེན་པོ་དགུ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ནས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་གལ་ཆེན་དུ་གྱུར་ཡོད། 2015ལོར་བོད་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་སྒོར་དུང་ཕྱུར་ཆིག་སྟོང་ལས་བརྒལ་བ་དང་། 2021ལོར་སྒོར་དུང་ཕྱུར་2000ལས་བརྒལ་བར་ལོ་6ལས་འགོར་མེད། ན་ནིང་སྒོར་དུང་ཕྱུར་3000ཟིན་པར་ལོ་4ལས་འགོར་མེད་པ་རེད།
ས་མཐོའི་བུ་ཕྲུག་ཚོས་ལྗང་མདོག་ཁེ་སྤོགས་མཉམ་སྤྱོད་བྱེད་པ།
འཕེལ་རྒྱས་ཀྱི་མཐའ་མའི་དམིགས་ཡུལ་ནི་མི་དམངས་མང་ཚོགས་འཚོ་བ་ཡག་པོ་སྐྱེལ་ཐུབ་ཆེད་ཡིན། སྐྱེ་ཁམས་སྲུང་སྐྱོང་དང་ཐོན་ལས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལས་ས་མཐོའི་བུ་ཕྲུག་ཚང་མར་ཕན་པ་ཐོབ་ཡོད།
ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀ་ལ་གྲོང་ཚོར་སྔོན་ཆད་དུད་ཚང་30ལྷག་ཙམ་རི་ཁུག་ཏུ་ཁ་ཐོར་ངང་གནས་ཤིང་། ཁམ་བུའི་མེ་ཏོག་མཛེས་ཀྱང་ཁམ་བུ་ཞིམ་པོ་མེད་པས་ཡག་པོ་བྲིན་གྱི་མེད། ཏང་དང་སྲིད་གཞུང་གི་སྣེ་ཁྲིད་འོག་གྲོང་ཚོའི“ཁམ་སྡོང་ནགས་ལས་དཔལ་འབྱོར”འཕེལ་རྒྱས་ཕྱིན་ཏེ། ཁམ་སྡོང་དག་ཡུལ་མིའི“དཔག་བསམ་ཤིང”དུ་གྱུར་ཡོད། ད་ཆ་ལོ་ལྟར་ཁམ་བུའི་མེ་ཏོག་དུས་ཆེན་ལས་གྲོང་ཚོར་ཡོང་འབབ་སྒོར་ཁྲི་300ལྷག་ཙམ་ཡོང་བ་དང་ན་ནིང་གྲོང་ཚོ་ཡོངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་4.43ཟིན་ཡོད།
ལྷོ་ཁ་གྲོང་ཁྱེར་དུ་ཕ་ཡུལ་དུ་ལོག་པའི་སློབ་ཆེན་སློབ་མ་མེ་ཏོག་ཆོས་བཟང་གིས་ཅིང་ཏུང་ཟོག་འགྲུལ་ལས་གཉེར་པུའུ་བཙུགས་པར་ཞབས་ཞུའི་ཁྱབ་རྒྱ་སྤྱི་ལེ་ངོས་གྲུ་ཁྲི་8ཙམ་དང་མང་ཚོགས་ཁྲི་35.75ཟིན་ཡོད། ཤིང་ཏོག་དང་སྔོ་ཚལ་སོས་པ་དང་ཁྱིམ་སྤྱོད་གློག་ཆས་ཐད་ཀར་སྒོ་རྩར་སྐྱེལ་བ་དང་། འབྲོག་པའི་ཁྱིམ་གྱི་མར་དང་བེ་ཤ་སྟབས་བདེའི་ངང་ས་མཐོ་ནས་ཕྱིར་གཏོང་ཐུབ་པ་དང་ལས་གཉེར་པུའི་མངག་ཐོའི་གྲངས་འབོར་ལོ་གསུམ་ནང་ལྡབ་10ཙམ་འཕར་ཡོད། “ཉེ་བའི་ལོ་གཉིས་རིང་བོད་དུ་དྲ་ཚོང་བསྐུར་མ་བསྐུར་གླ་སྤྲོད་མི་དགོས་པ་བྱུང་ཚུན། མི་ཚང་མའི་དྲ་ཐོག་ཟོག་ཉོའི་སྤྲོ་སེམས་རབ་ཏུ་འཕེལ་ཡོད། བསྐུར་མ་རེ་རེའི་ཐོག་ཏུ་འབྲོག་པས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདུན་འདུས་ཡོད”ཅེས་མེ་ཏོག་ཆོས་བཟང་གིས་བཤད།
ཀུན་བདེ་གླིང་རྩྭ་ཐང་གི་འབྲོག་པས་སྲུང་སྐྱོང་བྱེད་པའི་རྩྭ་ར་ཚུན་ཆད་ནས་ཆེས་མཐོ་གནོན་གྱི་གློག་དྲ་ནས་ནུས་རྒྱུ་གཙང་མའི་གློག་གཏོང་བའི་བར་དང་། ཀ་ལ་གྲོང་ཚོའི་ཁམ་བུའི་མེ་ཏོག་དུས་ཆེན་གྱི་དགའ་སྤྲོའི་དགོད་སྒྲ་ནས་ཐག་རིང་ལུང་ཁུག་འབྲོག་ཁུལ་གྱི་མྱུར་སྐྱེལ་བསྐུར་མ་ཉིན་དེ་རང་ལ་འབྱོར་བའི་བར། བོད་ལྗོངས་འདི་ཉིད་འཕེལ་རྒྱས་ཡག་ཤོས་དང་། འགྱུར་ལྡོག་ཆེ་ཤོས། མང་ཚོགས་ལ་དངོས་ཕན་ཐོབ་མང་ཤོས་བཅས་ཀྱི་ལོ་རྒྱུས་ཀྱི་དུས་སྐབས་སུ་སླེབས་ཡོད། དུས་རབས་གསར་པའི་གངས་ལྗོངས་ས་མཐོས་དེ་བས་བརྟན་པའི་གོམ་སྟབས་སྤོས་ནས། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་དང་འཕེལ་རྒྱས་དང་བདེ་སྐྱིད་མཉམ་འགྲོགས་ཀྱི་ལེའུ་གསར་རྩོམ་བཞིན་ཡོད།
(《དཔལ་འབྱོར་ཉིན་རེའི་ཚགས་པར》ནས་བརྒྱུད་འགོད་བྱས)
འབྲེལ་ཡོད་གསར་འགྱུར།