ས་མཐོའི་དམིགས་བསལ་ཡུལ་དུས་ལས། འདབ་ཆགས་སྣ་ཚོགས་ལེགས་པར་བསྐྱངས།

ཉི་བྱིའུ་ལྐོག་ལྗང་།

འཇོལ་མོ་མགོ་དམར།

བག་བྱིའུ་མགྲིན་ནག་མཇུག་དམར།

ཐང་རྐོ་འགྲམ་སེར།

འཇོལ་མོ་ཁམ་པ།

བག་བྱིའུ་མགོ་སྔོན།

འཇོལ་མོ་མགྲིན་སེར།

འཇོལ་མོ་གདོང་ནག

ལྕང་བྱིའུ་མཐེ་བོང་།

ཉི་བྱིའུ་བྲང་ནག

འཇོལ་མོ་མཆུ་རིང་།

བྱིའུ་མཇིང་དཀར།

ཁྲུང་ཁྲུང་སྐྱེ་ནག
ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་ཀྱི་ལེགས་ཆར་གཞི་ཚུགས་ཏེ་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་རྒྱུན་གཏན་ཅན་གྱི་དོ་དམ་སྲུང་སྐྱོང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། སྐྱེ་ཁམས་སྲུང་སྐྱོང་དང་དམངས་འཚོ་ལེགས་གཏོང་ལ་མཐུན་སྦྱོར་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་བས། ས་མཐོའི་དོན་དངོས་དང་མཐུན་པའི་བྱ་རིགས་སྣ་མང་རང་བཞིན་སྲུང་སྐྱོང་གི་ལམ་བུར་བསྐྱོད་ཐུབ་ཡོད།
མཚོ་བོད་ས་མཐོ་ནི་འཛམ་གླིང་གི་ཡང་རྩེ་དང་ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག་རེད་ལ། རང་རྒྱལ་གྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་གལ་ཆེན་ཞིག་ཀྱང་རེད། མཚོ་བོད་ས་མཐོའི་གཙོ་གཞི་ཡིན་པའི་བོད་ལྗོངས་ལ་ཆ་སྙོམས་ས་བབ་སྨི་4000ཡན་ཡོད་ཅིང་། ནུབ་བྱང་གི་ས་བབ་མཐོ་ལ་ཤར་ལྷོའི་ས་བབ་དམའ་བའི་དམིགས་བསལ་གྱི་ས་མཐོའི་ས་བྱད་ཅིག་གྲུབ་ཡོད། བོད་ལྗོངས་སུ་རི་བོ་མུ་ལ་མུ་འཁྱུད་ཀྱི་ཚུལ་དུ་གནས་པ་དང་། གཙང་པོ་དང་མཚེའུ་མང་ཞིང་། འཁྱགས་རོམ་གང་སར་གནས་པ། ཚ་རྒྱུད་ཕལ་པ་དང་། ས་མཐོའི་དྲོ་ཁུལ། ས་མཐོའི་གྲང་ཁུལ་ཕལ་པ། ས་མཐོའི་གྲང་ཁུལ་སོགས་གནམ་གཤིས་སྣ་མང་ཡོད་པའི་དབང་གིས་བྱ་རིགས་སྣ་ཚོགས་ལ་ཕུན་སུམ་ཚོགས་པའི་འཚོ་སྡོད་ཁོར་ཡུག་དང་རང་བྱུང་གི་གནས་སྤོ་བྱ་ཡུལ་མཁོ་འདོན་བྱས་ཡོད།
ས་དབྱིབས་དང་གནམ་གཤིས་ཀྱི་ཤུགས་རྐྱེན་ཐེབས་པའི་དབང་གིས་བོད་ཀྱི་བྱ་རིགས་ལ་ཁྱབ་ཚུལ་ཁ་གསལ་བའི་ཁྱད་ཆོས་མངོན་བཞིན་ཡོད། དེ་ཡང་བོད་ཀྱི་ཤར་རྒྱུད་དང་ཧི་མ་ལ་ཡའི་ལྷོ་ངོས་སུ་རི་བོའི་ཚོགས་བརྗིད་ཆགས་པ་དང་། ལུང་ཤུར་གཏིང་ཟབ་པ། ནགས་ཚལ་སྟུག་པ། ཆར་ཆུ་འབེལ་བ་བཅས་ཡོད་པས། ནགས་བྱ་དང་། འདབ་ཆགས་གཏུམ་རིགས་སོགས་དེ་གར་སྐྱེ་སྤེལ་དང་བཅས་འཚོ་སྡོད་བྱེད་ཀྱི་ཡོད་པ་དེ་ནི་ལྗོངས་ཡོངས་ཀྱི་བྱ་རིགས་སྣ་ཁ་མང་ཤོས་ཀྱི་ས་ཁོངས་ཤིག་རེད། ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་བོད་ཀྱི་ལྷོ་རྒྱུད་ཀྱི་རོང་སར་ལུང་གཞུང་། འདམ་ར། ཞིང་ས་བཅས་ཕན་ཚུན་བསྣོལ་ནས་གནས་པ་དང་ཆུའི་དྲོད་ཚད་འོས་ཤིང་འཚམ་པ་ཞིག་ཡོད་པས། ལོ་ལྟར་ཁྲུང་ཁྲུང་སྐེ་ནག་དང་། ཆུ་སྐྱར་སོགས་ཆུ་བྱ་དང་འདམ་བྱ་བབ་སྡོད་ཀྱི་ཡིད་དབང་འགུག་གི་ཡོད། ཡངས་ཤིང་རྒྱ་ཆེ་བའི་བོད་ཀྱི་བྱང་ཐང་དུ་མཐོ་གྲང་གི་ནེའུ་གསིང་དང་། རྩྭ་ཐང་། ཐང་རྒོད་སོགས་མང་བས་བྱ་རྒོད་ལ་སོགས་པའི་ས་མཐོའི་དམིགས་བསལ་གནམ་གཤིས་སུ་འཕྲོད་པ་དང་ས་མཐོ་ཁོ་ནར་མངའ་བའི་བྱ་རིགས་དག་འདིར་ཅི་དགར་རོལ་བཞིན་ཡོད།
ས་བབ་རིམ་གྱིས་མཐོ་རུ་སོང་བ་དང་བསྟུན་ནས། བོད་ཀྱི་བྱ་རིགས་ཀྱི་སྣ་ཁར་ཁོར་ཡུག་གི་འགྱུར་ལྡོག་དང་བསྟུན་ནས་ཁྱད་པར་ཆེན་པོ་ཡོང་གི་ཡོད། ས་བབ་སྨི་2500མན་གྱི་ནགས་རིའི་ཁྲོད་དུ་ནེ་ཙོ་དང་། ཤིང་རྟ་མོ། འཇོལ་མོ་སོགས་ཚ་ཁུལ་ཕལ་པའི་ནགས་ཚལ་གྱི་བྱ་རིགས་རང་དགར་འཕུར་ལྡིང་བྱེད་བཞིན་ཡོད་པ་དང་། ས་བབ་སྨི་2500ནས་4000བར་གྱི་ནགས་ཚལ་དང་། སྡོང་ཕྲན་ནགས་རྫོབ། ནེའུ་གསེང་བཅས་བར་བརྒལ་ཁུལ་དུ་སྐྱེ་ཁམས་ཀྱི་ཐུན་མོང་མ་ཡིན་པའི་ལེགས་ཆ་ལྡན་པས་སྣ་ཁ་མང་ཤོས་ཀྱི་བྱ་རིགས་འཚོ་བཞིན་ཡོད་པ་རེད། ས་བབ་སྨི་4000ཡན་གྱི་ས་བབ་མཐོ་བའི་ཁུལ་དུ་ས་མཐོ་ཁོ་ནས་མངའ་བའི་བྱ་རིགས་བབ་སྡོད་བྱས་ཏེ་མཐོ་གྲང་བྱ་རིགས་ཀྱི་ཁྱུ་ཚོགས་བརྟན་པོ་ཞིག་གྲུབ་པ་དེ་ཐོག་ནས་ས་མཐོའི་ཐུན་མོང་མ་ཡིན་པའི་ཚེ་སྲོག་གི་མཉེན་གཤིས་དང་སྐྱེ་ཁམས་ཀྱི་མཛེས་སྡུག་མངོན་གྱི་ཡོད།
སྣ་མང་གི་འཚོ་སྡོད་བར་མཐོངས་ལས་བོད་དུ་བྱ་རིགས་ཀྱི་སྣ་ཁ་ཕུན་སུམ་ཚོགས་ལ་རྩ་ཆེའི་སྲོག་ཆགས་མང་པོ་གནས་ཡོད། མིག་སྔར་ལྗོངས་ཡོངས་སུ་རྒྱལ་ཁབ་ཀྱིས་གཙོ་གནད་སྲུང་སྐྱོང་བྱེད་པའི་བྱ་རིགས་156ཡོད་པའི་ནང་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་བྱ་རིགས་31དང་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་བྱ་རིགས་125ཡོད་པ་རེད། སྣ་ཁ་མང་བའི་བྱ་རིགས་ཀྱི་ཐོན་ཁུངས་ནི་རང་བྱུང་གིས་བསྩལ་བའི་རྩ་ཆེའི་རྒྱུ་ནོར་ཞིག་ཡིན་པ་མ་ཟད། གངས་ལྗོངས་ས་མཐོའི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་འགྲོ་བ་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གི་ཕན་འབྲས་མངོན་པའི་གསལ་ལ་གསོན་ཉམས་དོད་པའི་མཚོན་བྱེད་ཅིག་ཀྱང་རེད།
འབྲེལ་ཡོད་གསར་འགྱུར།