དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • སྐྱེ་ཁམས་བཟང་ཞིང་ཐོན་ལས་དར། བྱང་ཐང་རྣམ་པ་གསར་པར་གྱུར།

    ——བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་75སོང་རིང་གི་ནག་ཆུ་གྲོང་ཁྱེར་གྱི་འཕེལ་རྒྱས་གྲུབ་འབྲས་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-06-03

    “སྤྱི་ཚོགས་རྙིང་པའི་དཀའ་སྡུག་ངས་མྱངས་མྱོང་ལ་སྤྱི་ཚོགས་གསར་པའི་བདེ་སྐྱིད་ང་ཚོ་ཚང་མས་ཚོར་ཡོད”ཅེས་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་རྒན་རྒོན་གྱི་ཉིན་མོའི་ལྟ་རྟོག་ལྟེ་གནས་སུ་ལོ་87ལ་སླེབས་པའི་རྒན་ཡོལ་ཞུས་པའི་ལས་བྱེད་པ་རྒན་གྲས་པད་སྒྲོལ་མས་ནང་སྦྱོང་གི་ཡོ་བྱད་ཅིག་ལག་ཏུ་བཟུང་ནས་འཛུམ་དམུལ་དམུལ་ངང་དེ་ལྟར་བརྗོད། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་75འཁོར་བར་རྟེན་འབྲེལ་ཞུ་ཆེད། ཁོང་དང་རྒན་རྒོན་ཚོ་འདི་གར་མཉམ་དུ་འཛོམས་ནས་གླུ་ལེན་གར་འཁྲབ་ཀྱིས་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བར་བསྟོད་གླུ་འབུལ་བཞིན་མཆིས།

    བགྲང་བྱ་75ནི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་སྐད་ཅིག་ཉིད་ལ་འདས་ཟིན་ཀྱང་། དེ་སྔའི“མཐོ་གྲང་ཁུལ”གྱི་ནག་ཆུར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་མཆོང་སྐྱོད་བྱུང་ཡོད།

    འགྲིམ་འགྲུལ་ནི་ནག་ཆུ་འཕེལ་རྒྱས་བྱུང་བའི་མཚོན་རྟགས་གསལ་ཤོས་ཡིན་པ།

    བོད་ཞི་བས་བཅིངས་འགྲོལ་བཏང་མ་ཐག་པའི་སྐབས་སུ། ཡངས་ཤིང་རྒྱ་ཆེ་བའི་བྱང་རྩྭ་ཐང་དུ་ཁོད་སྙོམས་པའི་མཁྲེགས་འགྱུར་ལམ་བུ་གཅིག་ཀྱང་མེད་པ་མ་ཟད། ཀྱག་ཀྱོག་གི་ལམ་བུ་ནི་མཁར་རྫོང་ཞིག་དང་འདྲ་བར་རྩྭ་ཐང་གི་ཕང་བར་གནས་པའི་གྲོང་ཚོའི་འཕེལ་རྒྱས་ཀྱི་བཀག་རྡོར་གྱུར་ནས“འགྲོ་སྐྱོད་དཀའ་བ”དེ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་དཀའ་ངལ་ཆེ་ཤོས་སུ་གྱུར་ཡོད།

    “དེ་སྔོན་གྱི་ལམ་ནི་སྐྱོ་པོ་ཞེ་དྲག་ཡོད”ཅེས་ནག་ཆུ་གྲོང་ཁྱེར་དར་རྒྱས་འགྲུལ་སྐྱེལ་ཚད་ཡོད་ཀུང་སིའི་དུས་གཏན་རླངས་འཁོར་གྱི་ཁ་ལོ་བ་དཔལ་རྡོར་གྱིས་མྱོང་ཚོར་ཟབ་མོས་བཤད་པ་དང་། ཁོང་གིས། དེ་སྔོན་སྦྲ་ཆེན་རྫོང་ནས་ནག་ཆུ་གྲོང་ཁུལ་བར་གྱི་ལམ་ཐག་སྤྱི་ལེ་200ལྷག་ཙམ་ལ་ཉིན་གཉིས་ཏག་ཏག་འགོར་གྱི་ཡོད། “ལམ་ངོས་ཚང་མ་ས་རྡོ་དང་འབར་འབུར་ཡིན་པས་རླངས་འཁོར་ནང་འཁྲུགས་ཆེ་བས་སྙིང་ཡང་ཁ་ནས་དོན་གྲབས་བྱེད་ཀྱི་ཡོད། སྐབས་དེ་དུས་ལམ་ཡག་པོ་ཞིག་ག་དུས་བཟོ་ཐུབ་བམ་སྙམ་གྱི་ཡོད”ཅེས་ཕྱིར་དྲན་བྱེད་བཞིན་བརྗོད།

    ད་ཆ་དཔལ་རྡོར་གྱི་བསམ་འདུན་སྔ་ས་ནས་མངོན་འགྱུར་བྱུང་ཡོད། ལོ་75ཡི་རིང་ནག་ཆུས་འགྲིམ་འགྲུལ་གྱི་འཆིང་རྒྱ་རྦད་དེ་གཏོར་བས“འཕྲང་ལམ་དོག་པོ”ནས“ཁོད་ཡོངས་ལམ་ཆེན”བར་གྱི་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་ཡོད་པ་དང་། མཚོ་བོད་ལྕགས་ལམ་གྱིས་ཀྱང་བྱང་ཐང་འཕྲེད་དུ་བཅད་དེ་མཚོ་བོད་གཞུང་ལམ་དང་ཅིང་བོད་མྱུར་བགྲོད་གཞུང་ལམ་དབར་གཅིག་རམ་གཅིག་འདེགས་ཀྱིས་བོད་བྱང་ཐང་གི་འགྲིམ་འགྲུལ་སྒྲོམ་གཞི་བརྟན་པོ་ཞིག་བསྐྲུན་ཡོད། མཁའ་དབྱིངས་ནས་ས་མཐོར་ལྟ་སྐབས་སྣུམ་ནག་གཞུང་ལམ་མང་པོ་ཁ་བཏགས་དཀར་པོ་བཞིན་གྱ་གྱུར་གནས་ནས་ཤང་དང་གྲོང་རྡལ་དང་། གྲོང་ཚོ་དང་དུད་ཚང་ཁྲི་སྟོང་མང་པོ་གཅིག་ཏུ་སྦྲེལ་ཡོད། 2025ལོའི་བར་གྲོང་ཁྱེར་ཡོངས་སུ་ཆ་རྐྱེན་འཛོམས་པའི་ཤང་དང་གྲོང་རྡལ་100དང་སྲིད་འཛིན་གྲོང་ཚོ་537ལ་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་པ་དང་། གྲོང་གསེབ་ཀྱི་འགྲུལ་སྐྱེལ་གཉེར་སྐྱོང་གི་ལམ་ཐག་སྤྱི་ལེ་3767ཟིན་ནས་ཞིང་འབྲོག་པ་རྣམས་ཀྱི“སྒོ་རྩ་ནས་རླངས་འཁོར་ལ་བསྡད་དེ་ཕྱིར་ཐོན་ཐུབ་པའི”ཕུགས་འདུན་མངོན་འགྱུར་བྱུང་ཡོད།

    ནག་ཆུ་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱི་ཅུས་ཀྲང་ཧུའུ་ཧུང་པོ་ཡིས། 2025ལོའི་ལོ་མཇུག་བར་གྲོང་ཁྱེར་ཡོངས་ཀྱི་སྤྱི་སྤྱོད་རླངས་འཁོར་31ཚང་མ་ནུས་རྒྱུ་གསར་པའི་རླངས་འཁོར་ལ་བརྗེས་པ་དང་། གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་གཉེར་སྐྱོང་གི་ལམ་ཐག་སྤྱི་ལེ་100ལྷག་ཙམ་ཟིན་པ། “སྔོན་ལ་སྤྱི་སྤྱོད་རླངས་འཁོར་ལ་སྡོད་པ་དང་ལྗང་མདོག་ཕྱིར་སྐྱོད”ཀྱི་འདུ་ཤེས་ཞིང་འབྲོག་པ་ཚོའི་དེང་རབས་ཀྱི་འཚོ་བར་ཕྱོགས་སྒྱུར་གྱི་གདམ་ག་གཙོ་བོར་གྱུར་ཏེ། ཕྱིར་སྐྱོད་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཉིན་རེ་བཞིན་ཆེ་རུ་ཕྱིན་ཡོད་ཅེས་བརྗོད།

    ཐོན་ལས་ནི་ནག་ཆུ་འཕེལ་རྒྱས་བྱུང་བའི་སྒུལ་ནུས་ཆེ་ཤོས་ཡིན་པ།

    “ནག་ཆུར་རྩྭ་ཐང་གི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་དང་བེད་སྤྱོད་ཆོག་པའི་རྩྭ་རའི་རྒྱ་ཁྱོན་མུའུ་དུང་ཕྱུར་4.69ཟིན་པ་དེ་ནི་རྒྱལ་ཡོངས་ཀྱི་འབྲོག་ཁུལ་ཆེ་གྲས་ལྔའི་གྲས་ཤིག་ཡིན་ཞིང་། འབྲོག་ལས་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་ཡོད”ཅེས་ནག་ཆུ་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུས་ཀྱི་ཅུས་ཀྲང་པ་སངས་ཚེ་རིང་གིས་བརྗོད་པ་དང་། ཁོང་གིས་ཉེ་བའི་ལོ་ཤས་རིང་། ནག་ཆུས་འབྲོག་ལས་ཀྱི་རྨང་གཞི་མུ་མཐུད་བརྟན་དུ་གཏོང་བ་དང་སྲིད་ཇུས་ཀྱི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བས། གྲོང་ཁྱེར་ཡོངས་ཀྱི་ཞིང་ནགས་འབྲོག་ཉ་བཅས་ཀྱི་ཐོན་རྫས་རིན་ཐང་དང་། ལག་ཡོད་ཕྱུགས་གྲངས། འབྲོག་ལས་ཐོན་རྫས་ཀྱི་ཐོན་འབབ། ཞིང་འབྲོག་པའི་ཡོང་འབབ་བཅས་བརྟན་པོ་འཕར་བ་མ་ཟད། འབྲོག་ལས་ཐོན་རྫས་ལས་སྣོན་ལས་རིགས་ཀྱང་ལེགས་སུ་དང་མགྱོགས་སུ་ཕྱིན་ནས་འབྲོག་ཁུལ་ཧྲིལ་པོའི་འཕེལ་ཕྱོགས་རྒྱུན་མཐུད་ལེགས་སུ་ཕྱིན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    ས་བབ་མཐོ་ཞིང་གནམ་གཤིས་གྲང་བའི་འབྲོག་ཁུལ་གྱི་གསོ་ཚགས་དཀའ་གནད་བརྒྱུད་རིམ་ལྡན་པའི་སྒོ་ནས་སེལ་བ་དང་རྩྭ་ཐང་གི་སྐྱེ་ཁམས་རིན་ཐང་གང་འགབ་ཅི་སྤྱོད་བྱ་ཆེད། ནག་ཆུའི་ས་ཆ་ཁག་གིས་འབྲོག་ལས་སྒྱུར་བཅོས་ཀྱི་ཐབས་ལམ་གསར་པ་རྒྱུན་མཐུད་འཚོལ་ཞིབ་བྱས་ཤིང་། འབྲོག་ལས་ཀྱི་རྫོང་ཆེན་ཡིན་པའི་ཨ་མདོ་རྫོང་གིས་བློ་ཁོག་ཆེན་པོས་སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱས་པ་སྟེ། ལྷོ་བྱང་གཉིས་སུ་རྩྭ་རའི་ཁྱབ་ཚུལ་ཆ་སྙོམས་པོ་མེད་པ་དང་། རྩྭ་ར་ཁག་གཅིག་ཏུ་རྩྭ་ཕྱུགས་དོ་སྙོམས་པོ་མེད་པའི་དོན་དངོས་ལ་དམིགས་ཏེ། ཚད་ལྡན་ཅན་དང་ཁྲོམ་ར་ཅན་གྱི་རྣམ་པར་བརྟེན་ནས་རྩྭ་ཐང་གོ་རིམ་ལྡན་པའི་སྒོ་ནས་བརྒྱུད་བཤུག་བྱས་པ་བརྒྱུད། “ལྷོ་རྒྱུད་ཀྱི་རྩྭ་རར་ཕྱུགས་རིགས་མང་དྲགས་པ་དང་རྩྭ་ར་ཉམས་ཞན་དུ་འགྲོ་བ་དང་། བྱང་རྒྱུད་ཀྱི་རྩྭ་ཐང་བེད་མེད་དུ་ལུས་པའི”འཕེལ་རྒྱས་ཀྱི་དཀའ་གནད་ནུས་ལྡན་བསལ་ནས། སྲོལ་རྒྱུན་གྱི་འབྲོག་ལས་སྐྱེ་ཁམས་ཅན་དང་། གཞི་ཁྱོན་ཅན། ཞིབ་ལས་ཅན་བཅས་སུ་ཕྱོགས་སྒྱུར་རིམ་སྤོར་བྱེད་པར་སྐུལ་འདེད་བཏང་བ་རེད།

    སྒྱུར་བཅོས་བྱེད་ཐབས་རབ་དང་རིམ་པ་དོན་ཐོག་ཏུ་འཁྱོལ་ནས་ཕན་འབྲས་ཐོན་ཏེ་འབྲོག་ལས་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་བྱུང་ཡོད། 2024ལོར་ཨ་མདོ་རྫོང་གི་ལག་ཡོད་ཕྱུགས་གྲངས་ལོ་ཉི་ཤུ་ཙམ་རིང་ཐོག་མར་འཕར་ཡོད། 2025ལོར་རྫོང་ཡོངས་ཀྱི་འབྲོག་ལས་ཐོན་སྐྱེད་ཕྱོགས་ཡོངས་ནས་སྤུས་འབྲས་ལེགས་གཉེར་བྱུང་ཡོད་པ་སྟེ། ལག་ཡོད་ཕྱུགས་གྲངས་དུས་མཚུངས་ལས་6.2%འཕར་བ་དང་བཤས་གཏོང་ཚད་4.28%འཕར་ནས་འབྲོག་ལས་ཀྱི་སྤྱིའི་རིན་ཐང་སྒོར་དུང་ཕྱུར་2.35འཕར་ཡོད་པ་རེད།

    ལྗང་མདོག་ནི་ནག་ཆུ་འཕེལ་རྒྱས་བྱུང་བའི་རྨང་གཞི་བརྟན་ཤོས་ཡིན་པ།

    ནག་ཆུ་ནི“ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག”གི་ལྟེ་བའི་ས་ཁོངས་སུ་གནས་པས་སྐྱེ་ཁམས་ཀྱི་གནས་བབ་ཧ་ཅང་གལ་ཆེན་པོ་ཡོད། ལོ་75ཡི་རིང་ནག་ཆུས་སྐྱེ་ཁམས་སྲུང་སྐྱོང་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ས་ཁོངས་ཧྲིལ་པོའི་འཕེལ་རྒྱས་ཀྱི་རྨང་གཞིའི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་གནས་བབ་ཏུ་བཞག་ནས“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི”འདུ་ཤེས་ལག་ལེན་གཏིང་ཟབ་བསྟར་བ་དང་། རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་བཏང་སྟེ། སྐྱེ་ཁམས་སྔོན་འཇོག་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་ཞིག་བཏོད་ཡོད།

    ས་བབ་མཐོ་ཞིང་གནམ་གཤིས་གྲང་བའི་དམིགས་བསལ་གྱི་ས་ཁམས་ཁོར་ཡུག་གི་ཤུགས་རྐྱེན་ཕོག་པའི་དབང་གིས་ནག་ཆུར་དུས་ཡུན་རིང་པོར་སྔོ་ཁེབས་སླར་གསོ་འགོར་བ་དང་ས་བབ་མཐོ་སར་སྔོ་འགྱུར་བྱེད་དཀའ་བ་སོགས་ཀྱི་མངོན་གསལ་དོད་པའི་དཀའ་གནད་འཕྲད་ཡོད། དེས་ན། རྩྭ་ཐང་སྔོ་ལྗང་ཅན་དང་མཛེས་སྡུག་ལྡན་པར་ཇི་ལྟར་འགྱུར་རྒྱུ་དེ་ཚན་རྩལ་ལས་དོན་པའི་ཞིབ་འཇུག་བྱ་གཞི་གལ་ཆེན་ཞིག་ཏུ་གྱུར་ཡོད།

    “ང་ཚོས་རྩྭ་ར་དང་འབྲོག་ལས་ཀྱི་སྐྱེ་ཁམས་མཐུན་སྦྱོར་འཕེལ་རྒྱས་ལ་དམིགས་ཏེ་ས་བབ་མཐོ་བའི་སྐྱེ་ཁམས་བཅོས་སྐྱོང་ལག་རྩལ་གྱི་དཀའ་གནད་ནུས་ཤུགས་ཡོད་རྒུས་བསལ་ཡོད”ཅེས་ནག་ཆུ་གྲོང་ཁྱེར་ཞིང་འབྲོག་ལས(རྩྭ་ལས)ཚན་རྩལ་ཞིབ་འཇུག་ཁྱབ་གདལ་ལྟེ་གནས་རྩྭ་ལས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཞོན་པ་དང་ཕྱུགས་ལས་ཆེད་མཁས་པ་ཧོ་ཧྲི་ཁྲེང་གིས་ངོ་སྤྲོད་བྱས་པ་དང་། ཁོང་གིས་ས་གནས་དེ་གའི་ཕྱུགས་རྩྭ་སྣ་རྐྱང་ཡིན་པའི་ཞན་ཆར་དམིགས་ནས། ཚན་ཞིབ་ཚོགས་པས་ཐོན་མཐོའི་གཟན་རྩྭ་སྣ་ཁ་19དང་སྐྱེ་ཁམས་གཟན་རྩྭ་སྣ་ཁ་13ཁྱབ་གདལ་བཏང་བ་དང་། རི་སྐྱེས་གཟན་རྩྭ་50ཡི་རྩྭ་སོན་མཛོད་ཏུ་བཅུག་པ་མ་ཟད། ས་མཐོའི་ལེགས་ལྡན་སྔོ་ལྗང་རྩི་ཤིང་སྣ་ཁ་16ལེགས་འདེམས་བྱས་ཡོད། མིག་སྔར་ལྟེ་གནས་ལ་ཁེ་བེད་བདག་ཐོབ་ཁག་37རག་ཡོད་པ་དང་། ལས་རིགས་ཀྱི་ཚད་གཞི་15བཟོས་པ་དང་རིག་གཞུང་དཔྱད་རྩོམ་60བཏོན་ཡོད་ལ། ལྟེ་གནས་ཀྱི་ཚན་ཞིབ་གྲུབ་འབྲས་མང་པོ་དོན་ཐོག་ཏུ་འཁྱོལ་ཡོད་པ་དང་། དཔེ་སྟོན་གྲོང་ཚོས་འདེབས་གསོ་ཟུང་འབྲེལ་བྱེད་པར་རམ་འདེགས་བྱས་པས་མང་ཚོགས་དུད་ཚང་རེར་ཆ་སྙོམས་ལོ་རེར་འབབ་འཕར་སྒོར་3908ཡོང་བར་སྐུལ་ཁྲིད་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    ལོ་75ཡི་རིང་ནག་ཆུས་རྩྭ་ཐང་དང་ས་གཙང་སྲུང་སྐྱོང་ཡག་པོ་བྱས་ཏེ་སྐྱེ་ཁམས་སྲུང་བཅད་བརྟན་དུ་གཏོང་བ་དང་ས་མཐོའི་བདེ་འཇགས་ཀྱི་རྨང་གཞི་བརྟན་དུ་བཏང་ནས་ལྗང་མདོག་འཕེལ་རྒྱས་ཀྱི་འཆར་གཞི་གསར་པ་བཀོད་ཡོད། ད་ཆའི་བོད་བྱང་ཐང་དུ་རྩྭ་རྩི་ཤིང་སྐྱེ་འཚར་བཟང་བ་དང་། མི་དང་རང་བྱུང་ཁམས་ཞི་མཐུན་གཉམ་གནས། རི་ཆུ་མཛེས་ཤིང་ལྟ་ན་སྡུག་པ་བཅས་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།