དངོས་སྒྲུབ་ལ་བརྟེན་ནས་ས་གཙང་བསྲུངས། ཚན་ཞིབ་ལ་བརྟེན་ནས་ས་མཐོ་བསྐྱངས།
——རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལྟེ་གནས་ཀྱི་ཀྲང་ཧུའེ་ཧྥང་གི་གསར་གཏོད་དཔུང་ཁག་སྐོར་བཀོད་པ།
བོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཁྱབ་ཁོངས་སུ“ཀྲང་ཧུའེ་ཧྥང་གི་གསར་གཏོད་དཔུང་ཁག”ནི་མིང་དོན་མཚུངས་པའི་སྤུས་རྟགས་གྲགས་ཅན་ཞིག་རེད།
ལོ་མང་རིང་ས་མཐོའི་དམིགས་བསལ་གནམ་གཤིས་དང་ས་ཁམས་ཆ་རྐྱེན་ལ་དམིགས་ནས་དཔུང་ཁག་དེས་ཐོག་མཐའ་བར་གསུམ་དུ་གསར་གཏོད་བླ་སྲོག་དང་བཟོ་བོ་རྐང་འཛིན་དུ་བྱས་ནས་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི་ཚན་ཞིབ་འཐབ་ཕྱོགས་དང་པོར་རྩེ་གཅིག་ཏུ་གཞོལ་ཏེ་ས་མཐོའི་རྩྭ་རྩི་ཤིང་དང་རི་ཆུ་ཀླུང་གསུམ་བློ་གཅིག་སེམས་གཅིག་གིས་སྲུང་སྐྱོང་བྱས་ཡོད།
དད་སེམས། བརྟན་སྲུང་ཁྲོད་རྨང་གཞི་བཏིང་བ།
ཕུལ་བྱུང་གི་དཔུང་ཁག་གཅིག་ནི་གཟེངས་སུ་ཐོན་པའི་སྣེ་ཁྲིད་པ་དང་ཁ་འབྲལ་ཐབས་མེད་ཅིང་། ཀྲང་ཧུའེ་ཧྥང་གི་གསར་གཏོད་དཔུང་ཁག་ནི་དེ་ལྟར་ཡིན་པ་སྟེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་གཞུང་གི་དམིགས་བསལ་ཕོགས་སྣོན་ཡོད་པའི་རིགས་གཅིག་མཁས་ཅན་དང་། རང་སྐྱོང་ལྗོངས་ཀྱི་རིག་གཞུང་ལག་རྩལ་སྣེ་ཁྲིད་པ། སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་བཅས་ཀྱི“རིགས་གཅིག་མཁས་ཅན་རྩེ་གྲ”དང“བོད་ཀྱི་བཟོ་བོ”ཀྲང་ཧུའེ་ཧྥང་གིས་སྣེ་ཁྲིད་པ་ཞིག་རེད།
2000ལོའི་ཟླ་4པར་བོད་དུ་མཁའ་རླུང་རང་འགུལ་ལྟ་ཞིབ་ཚད་ལེན་སྒྲིག་ཆས་དང་པོ་དབོར་བ་དང་དེ་ནི་ཁོར་ཡུག་སྲུང་སྐྱོང་བྱ་གཞག་ལ་སྐུལ་འདེད་གཏོང་བའི་གོ་སྐབས་ཡག་པོ་ཞིག་ཡིན་མོད། འོན་ཀྱང་དབྱིན་ཡིག་གི་གསལ་བཤད་དེབ་མཐུག་པོ་དང་བཀོལ་སྤྱོད་ངོས་ཀྱིས་དབྱིན་ཡིག་ཤེས་མཁན་གཅིག་ཀྱང་མེད་པའི་ལྟེ་གནས་ཀྱི་གོང་འོག་ཚང་མར་དཀའ་ངལ་འཕྲད། འཛམ་གླིང་ཁོར་ཡུག་ཉིན་མོའི་སྒྲིག་ཆས་བཀོལ་སྤྱོད་བྱེད་པར་ཟླ་ཤས་ལས་ལྷག་མེད་སྟབས་དཀའ་གནད་འགག་སྒྲོལ་བྱ་རྒྱུ་དེ་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཞིག་ཏུ་གྱུར་ཡོད།
ལྟེ་གནས་དེའི་དངོས་གཞིའི་ཚན་ཁག་གི་ཆེད་ལས་ལག་རྩལ་པ་དང་པོ་ཡིན་པའི་ཀྲང་ཧུའེ་ཧྥང་གིས་འཛེམ་བག་མེད་པར་འགན་འཁྲི་ལྕི་པོ་དེ་ཕྲག་ཏུ་འཁུར་ཞིང་། ཁོང་གིས་ཞུམ་པ་མེད་པའི་སྙིང་རུས་ལ་བརྟེན་ནས་ཉིན་མཚན་དབྱེར་མེད་ངང་ཚིག་མཛོད་ལ་བལྟས་ཏེ་ཟས་བརྗེད་གཉིད་ཆག་གིས་ཡིག་འབྲུ་རེ་རེ་བཞིན་ཐ་སྙད་ཚང་མ་ཡིག་སྒྱུར་བྱས་པ་དང་སྒྲིག་ཆས་བཀོལ་སྤྱོད་བྱེད་སྟངས་ཞིབ་འཇུག་བྱས་ནས་གཟའ་འཁོར་གཉིས་ནང་ཟིན་བྲིས་དེབ་ཁ་ཤས་བྲིས་ཏེ་ལྟེ་བའི་ལག་རྩལ་ཤེས་རྟོགས་དཔྱིས་ཕྱིན་པ་བྱུང་ཡོད། སྙོམས་སྒྲིག་ཚོད་ལྟ་བྱེད་རིང་ཁོང་གིས་རྒྱང་རིང་གི་མཁོ་སྤྲོད་ཚོང་པར་དཀའ་གནད་བློ་འདྲི་བྱེད་ཀྱིན་རྟག་ཏུ་མཚན་གུང་བར་རང་ཉིད་ངོ་མས་བཀོལ་སྤྱོད་ལག་རྩལ་སྦྱངས་ཡོད། 2000ལོའི་ཟླ་6པའི་ཚེས་5ཉིན་བོད་ཀྱི་ཁོར་ཡུག་མཁའ་རླུང་སྤུས་ཚད་ཀྱི་ཉིན་རེའི་སྙན་སེང་བདེ་བླག་ངང་ཁྱབ་བསྒྲགས་ཐུབ་ནས་ཁྱབ་ཁོངས་དེར་སྔར་བྱུང་མྱོང་མེད་པའི་ཚད་བརྒལ་བྱུང་བ་རེད།
འགན་འཁུར། དངོས་སྒྲུབ་ཁྲོད་ཉམས་མྱོང་བསགས་པ།
སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ནི་མ་ལག་རང་བཞིན་གྱི་ལས་གྲྭ་ཞིག་ཡིན་ཞིང་། རི་ཐང་གི་མ་དཔེ་འཚོལ་བསྡུ་བྱེད་པ་དང་ཚོད་ལྟ་ཁང་དུ་དབྱེ་ཞིབ་བྱེད་པ་ནས་གྲངས་གཞི་དཔྱད་ཞིབ་བྱས་རྗེས་གོང་ཞུ་བྱེད་པའི་བར་གྱི་ལས་རིམ་ཧྲིལ་པོ་ཚད་ལྡན་གཟབ་ནན་དང་ཆད་ལུས་སྤུ་ཙམ་ཡང་ཤོར་མི་རུང་བ་ཞིག་རེད། རི་ཐང་གི་མ་དཔེ་འཚོལ་བསྡུ་བྱ་རྒྱུ་དེ་ནི་འགག་སྒོ་དང་པོ་ཡིན་པ་དང་ཚད་གཞིའི་བླང་བྱ་མཐོ་བ་དང་ལས་རིམ་རྙོག་འཛིང་ཆེ་བའི་ཁར་སྙིང་རུས་ལ་ཚོད་བགམ་ནན་པོ་ཐེབས་ཀྱི་ཡོད།
ལས་བསྒྱུར་དམག་མི་ཁྲེན་ཞུས་ཀྱིས་ལོ་20ལྷག་ཙམ་རིང་ཐོག་མའི་བསམ་འདུན་འགྱུར་ལྡོག་མེད་པར་བོད་ཀྱི་རྫོང་དང་ཆུས་74དང་ཤང་གྲོང་བཅུ་ཆ་བརྒྱད་དུ་བསྐྱོད་མྱོང་ཡོད། ས་བབ་སྨི་5300ཟིན་པའི་འབྲི་ཆུའི་ཆུ་འགོའི་ས་ཁུལ་དུ་ཁོང་དང་ལས་རོགས་ཚོ་དེ་སྔ་ལམ་ནོར་ཐེབས་ནས་མི་མེད་ཁུལ་དུ་ཆུ་ཚོད་ཁ་ཤས་ལུས་པ་དང་མ་དཔེ་ལྗིད་ཏིག་ཏིག་དེ་དག་སྒལ་པར་ཁུར་ནས་རྐང་ཐང་མར་ཕྱིར་ལོག་སྐབས་ལ་དུག་ཕོག་ནས་གོམ་པ་རེ་རེའང་སྤོ་དཀའ་བའི་གནས་སུ་གྱར་རུང་མ་དཔེའི་སྒམ་འཁྱེར་བའི་ལག་ཟུང་གཏན་ནས་གློད་མྱོང་མེད།
མ་དཔེ་ཞིབ་དཔྱད་ཚད་ལེན་བྱེད་པར་དེ་བས་ལས་སླ་པོ་མེད་ཅིང་། དབྱང་ཞའོ་ཧུང་གིས་ཞིབ་དཔྱད་ཚད་ལེན་གྱི་འཐབ་ས་དང་པོར་ལས་ཀ་བྱས་ནས་ལོ་12སོང་བས་ཚོད་ལྟ་ཁང་ནི་ཁོང་གི་ཆ་རྒྱུས་ཆེ་བའི་དམག་ས་ཞིག་དང་མཚུངས།
གྲངས་གཞི་གནད་སྨིན་ཡོང་བའི་འགན་ལེན་བྱ་ཆེད་ཁོང་གིས་རང་ཉིད་ལ་རེ་བ་ཧ་ཅང་ནན་པོ་བཅོལ་ཏེ་མ་དཔེ་གཅིག་ཚོད་ལྟ་ཡང་ཡང་བྱས་ནས་ནོར་འཛོལ་སྤུ་ཙམ་ཡང་མེད་སྙམ་སྐབས་གཞི་ནས་མཚམས་འཇོག་གི་ཡོད།
རྒྱུན་འཛིན། གཅིག་ལ་གཅིག་བརྒྱུད་ཁྲོད་རྒྱུན་བསྲིངས་པ།
ཀྲང་ཧུའེ་ཧྥང་གི་གསར་གཏོད་དཔུང་ཁག་གིས“ཤེས་ལྡན་པའི་དཔུང་ཁག་དར་རྒྱས་གཏོང་བ་དང་ལག་རྩལ་རྒྱུན་འཛིན་བྱེད་པའི”འདུ་ཤེས་མཐའ་འཁྱོངས་བྱས་ཏེ“བརྒྱུད་རོགས་ཁྲིད”གསུམ་གྱི་སྐྱེད་སྲིང་མ་ལག་བཙུགས་ནས་ཤེས་ལྡན་པ་གསོ་སྐྱོང་བྱ་ཡུལ་བསྐྲུན་པ་རེད།
2013ལོར་ལྟེ་གནས་སུ་ལས་སྒྱུར་བྱས་པའི་བསོད་ནམས་སྒྲོལ་དཀར་གྱིས་དབྱེ་ཞིབ་ཁང་དུ་ལོ་13རིང་ལས་ཀ་བྱས་པ་བརྒྱུད་མི་གསར་ཞིག་ནས་ཉམས་མྱོང་ཅན་གྱི་རྒན་རབས་པ་ཞིག་ཏུ་འཚར་ལོངས་བྱུང་ཡོད།
ན་ནིང་ཟླ་5པར་ལས་རོགས་ཤིག་ལྟེ་གནས་ནས་དཔུང་ཁག་ཏུ་སྒྱུར་སྐབས་དཔྱད་ཆས་དང་རྙོག་འཛིང་ཆེ་བའི་དབྱེ་ཞིབ་ལས་རིམ་གྱིས་མགོ་བོ་རྨོངས། བསོད་ནམས་སྒྲོལ་དཀར་གྱིས་རང་འགུལ་ངང་ཁོང་ཁྲིད་དེ་རྨང་གཞིའི་བཀོལ་སྤྱོད་ནས་འགོ་བཙུགས་ཏེ་ཆུང་ས་མ་དཔེ་ཐག་གཅོད་བྱེད་སྟངས་དང་། ཆེ་ས་དཔྱད་ཆས་བཀོལ་སྤྱོད་བྱེད་སྟངས་དམར་ཁྲིད་བྱས་པ་རེད།
ད་ཆ་ལས་རོགས་དེས་དཔྱད་ཆས་བཀོལ་སྤྱོད་བྱེད་སྟངས་རང་སྐྱ་འཕེར་བ་མ་ཟད། ད་དུང་དཔུང་ཁག་གི་ཁོངས་མི་གཞན་དང་མཉམ་དུ་ཚན་ཞིབ་རྣམ་གྲངས་ཀྱི་སྐྱེ་ལྡན་སྦགས་བཙོག་དབྱེ་ཞིབ་བྱེད་པར་ཞུགས་ཏེ་དཔུང་ཁག་དེའི་ལས་ཀ་རིགས་མང་པོ་བྱེད་ཐུབ་མཁན་ཞིག་ཏུ་གྱུར་ཡོད།
སྟོབས་ཤུགས་ཆུང་ངུ་གཅིག་ཏུ་བསྒྲིལ་ཐུབ་ཚེ་གཞི་ནས་སྐྱེ་ཁམས་སྲུང་བཅད་བརྟན་པོ་བསྐྲུན་ཐུབ་ཅེས་པ་དེ་ནི་དཔུང་ཁག་དེའི་ཐུན་མོང་གི་ངོས་འཛིན་དུ་གྱུར་ཡོད། ཚང་མས“བརྒྱུད་རོགས་ཁྲིད”གསུམ་གྱི་བརྒྱུད་སྤྲོད་ནི་རྩལ་ནུས་དང་། ཁྲིད་པ་ནི་འགན་འཁྲི། རོགས་པ་ནི་འཚར་ལོངས་བཅས་སུ་ངོས་འཛིན་པ་དང་དེ་བས་ས་མཐོའི་ཁོར་ཡུག་སྲུང་སྐྱོང་བའི་རི་སྔོན་ཆུ་དྭངས་སྲུང་སྐྱོང་བྱེད་པའི་འགན་འཁྲི་རྒྱུན་འཛིན་བྱེད་པར་ངོས་འཛིན་གྱི་ཡོད།
འབྲེལ་ཡོད་གསར་འགྱུར།