ལྷོ་རི་བྱང་རི་སྔོ་ལྗང་གོས་ཀྱིས་བཀླུབས། སྐྱེ་ཁམས་བཟང་པོ་ལྷ་ས་མཛེས་པའི་རྒྱན།
རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་རིམ་སྤེལ་སྒྲིལ་གླེང་བཅུ་བདུན་པ།
ལྷོ་རིའི་སྤྱི་གླིང་གི་མཛེས་གཟིགས་སྒང་ནས་ཡུལ་སྐོར་བ་ཚོས་རྒྱང་ལྟ་བྱེད་སྐབས་བོད་རིགས་རྒན་མོ་ཞིག་གིས་སྔོ་ལྗང་གི་མཛེས་ལྗོངས་ལ་ལྟ་བཞིན“ལོ་འགའི་གོང་ལ་འདིར་རི་རྒོད་སྐྱ་ཐེར་ཐེར་ཞིག་རེད། ད་ཆ་གང་སར་ལྗོན་ཤིང་སྟུག་པོས་ཁེངས་ནས་སྔོ་ལྗང་ཅན་དུ་གྱུར་འདུག”ཅེས་དགོད་འཚེར་འཚེར་ངང་རང་གི་ཚ་བོར་བཤད།
ས་བབ་མཐོ་ཚད་སྨི་3650ཡོད་པའི་ས་མཐོའི་གྲོང་ཁྱེར་དེར་སྔོ་ལྗང་ལྗོན་ཤིང་མང་དུ་གཏོང་རྒྱུ་ནི་ལས་སླ་བའི་བྱ་བ་ཞིག་གཏན་ནས་མིན།
ས་མཐོར་སྔོ་ལྗང་ལྗོན་ཤིང་ཚོམ་བུ་ཞིག་ཡོད་ན་དེ་ནི་ཚང་མས་རྔུལ་ཆུས་བཏོན་ཞིང་དད་སེམས་ཀྱིས་བསྐྱངས་པ་ལས་བྱུང་བ་ཞིག་རེད།
ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་ནི་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་གཙོ་གནད་ལས་གྲྭ་ཞིག་ཡིན་ཞིང་། འཛམ་གླིང་ཡང་རྩེར་གཞི་ཁྱོན་ཆེ་བའི་ནགས་བཟོའི་འཛམ་གླིང་རང་བཞིན་གྱི་དཀའ་གནད་དེ་སེལ་ཆེད། རང་སྐྱོང་ལྗོངས་ཀྱིས་ནགས་ལས་དང་། ཞིང་ལས། ཚན་རྩལ་སོགས་ཕྱོགས་མང་པོའི་ཐོན་ཁུངས་བསྡུ་སྒྲིལ་གྱིས་ཆེད་ལས་ཀྱི་ནགས་བཟོའི་འགག་སྒྲོལ་དཔུང་ཁག་ཅིག་བཙུགས་ནས་སྤྱི་འདོམས་མཐུན་སྦྱོར་དང་། སྲིད་ཇུས་ཀྱི་འདེགས་སྐྱོར། ལག་རྩལ་གྱི་མཛུབ་ཁྲིད་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་འགག་སྒྲོལ་དཀའ་སེལ་བྱས་ཡོད།
ལྷ་ས་གྲོང་ཁྱེར་ནགས་ཚལ་རྩྭ་ཐང་ཅུས་ཀྱིས་གྲོང་ཁྱེར་རིམ་པའི་བྱེད་པོའི་འགན་འཁྲི་རང་འགུལ་ངང་ཁུར་ནས། སྤྱོད་ཚུལ་འཛུགས་སྐྱོང་དེ་ལས་གྲྭ་ལག་བསྟར་ལ་སྐུལ་འདེད་གཏོང་བའི་ཆབ་སྲིད་ཀྱི་འགན་ལེན་དང་འགག་རྩའི་དམ་འཛིན་བྱ་གཞིར་བརྩིས་ཐོག ས་མཐོའི་ནགས་བཟོའི་དཀའ་གནད་བསལ་ཏེ། མི་སྲིད་པ་རེ་རེ་བཞིན་དོན་དངོས་ལ་འགྱུར་བར་བྱས་པ་རེད།
“དམངས་ལ་བདེ་རྩ་སྐྲུན་པ་ནི་སྲིད་དོན་ལས་རྗེས་ཆེ་ཤོས་ཤིག་རེད”ཅེས་པའི་སྐད་ཆ་དེ་ནགས་ཚལ་རྩྭ་ཐང་ཅུས་ཀྱི་མི་ཚང་མའི་སེམས་ཁོང་དུ་ཉར་ཡོད་ཅིང་། ཁོང་ཚོས་ནམ་མཁའ་དང་ཐག་ཉེ་ཤོས་ཀྱི་གནས་འདིར་བཙུགས་པའི་ལྗོན་ཤིང་སྡོང་རྐང་རེ་རེ་ནི་མི་དམངས་མང་ཚོགས་ལ་དངོས་དངོས་རྗེན་རྗེན་གྱི་བདེ་རྩ་སྐྲུན་པ་ཞིག་ཡིན་པ་གསལ་པོར་ཤེས་ཀྱི་ཡོད།
མི་ཚང་མས་རྩྭ་རྩི་ཤིང་སྲུང་བར་བརྩོན་པ།
ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བར་ཏང་གཤིས་ཀྱིས་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་བཞིན་ཡོད།
ཏང་གཤིས་ལ་སྣང་ཆེན་བྱེད་པ་དེ་ལྷ་ས་གྲོང་ཁྱེར་ནགས་ཚལ་རྩྭ་ཐང་ཅུས་ཀྱི་ཏང་ཡོན་ལས་བྱེད་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་དུ་གྱུར་ཡོད། ཁོང་ཚོས“ཏང་ཙུས་ཁྱོན་ཡོངས་ནས་སྤྱི་འདོམས་དང་། ལས་ཁུངས་ཀྱི་ལས་བྱེད་པས་ཆ་བགོས་འགན་ལེན། ལག་རྩལ་མི་སྣས་གནས་སྡོད་མཛུབ་ཁྲིད”བཅས་བྱེད་པའི་འགན་འཁྲིའི་མ་ལག་བཙུགས་ཤིང་། ཚན་ཁག་གི་ཁོངས་མི་ནས་ལས་བྱེད་པ་དཀྱུས་མའི་བར། 80%ཡན་གྱི་ལས་བྱེད་པས་ནགས་བཟོའི་འཐབ་ས་དང་པོར་བསྐྱོད་དེ་ནགས་བཟོའི་བཟོ་པ་དང་མཉམ་ཟ་མཉམ་སྡོད་དང་མཉམ་དུ་ངལ་རྩོལ་བྱས་ཡོད།
2022ལོར་ལྷོ་རི་བྱང་རིའི་གཞི་ཁྱོན་ཆེ་བའི་སྔོ་འགྱུར་གྱི་ལས་དོན་སྤེལ་འགོ་ཚུགས་མོད། འོན་ཀྱང་ཐན་སྐྱོན་སོགས་རྙོག་འཛིང་ཆེ་བའི་གནས་ཚུལ་སྣ་ཚོགས་ཀྱིས་རྐྱེན་པས་ཤིང་སོན་ལ་ཆུ་ཇི་ལྟར་འདྲེན་དགོས་མིན་གྱི་གནད་དོན་འཕྲད། དེས་ན། ལྷ་ས་གྲོང་ཁྱེར་ནགས་ཚལ་རྩྭ་ཐང་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་དབྱིན་ཕེ་ཧྥུང་གིས་ལས་དོན་མི་སྣ་ཁྲིད་དེ་དཀའ་ངལ་གྱི་མདུན་དུ་ཕྱི་བཤོལ་མི་རྒྱག་པར་ཉིན་མོར་རི་མགོར་འཛེགས་ནས་ཤིང་སོན་གྱི་སྐྱེ་འཚར་ལ་ལྟ་བ་དང་དགོང་མོར་སྲིད་ཇུས་སློབ་སྦྱོང་དང་ཉིན་ཐོ་བྲིས་ཏེ། “ཆ་རྒྱུས་མེད་མཁན”ཞིག་ནས་མགྱོགས་མྱུར་ལག་རྩལ་ཤེས་པ་དང་སྤྱི་འདོམས་ལ་མཁས་པའི“ཤིང་འཛུགས་མཁན”དུ་གྱུར་པར་བྱས་ཡོད།
2026ལོའི་དཔྱིད་ཀར་ཁོང་སླར་ཡང་ལྷོ་རིའི་སྤྱི་གླིང་དུ་བསྐྱོད་ཅིང་། རི་བོ་ཡོངས་ལ་སྔོ་ལྗང་གི་ལོ་འདབ་གསར་དུ་རྒྱས་ཤིང་གྲོང་མི་དང་ཡུལ་སྐོར་བའི་རྒྱུན་མི་ཆད་པ་མཐོང་བ་དང་། མི་མང་པོས“ལྷ་ས་སྔོ་ལྗང་ཅན་དུ་གྱུར་འདུག”ཅེས་སེམས་གཏིང་ནས་ཤོད་པ་ཐོས་སྐབས། ཁོང་གི་མིག་ཟུང་མཆི་མས་བརླན་ནས“མི་སེར་ཚོས་བསྟོད་བསྔགས་བཏང་བ་ནི་ང་ཚོར་གཟེངས་བསྟོད་ཆེ་ཤོས་ཤིག་གནང་བ་རང་རེད”ཅེས་བཤད།
“བྱས་རྗེས་ཚང་མ་ནི་ལས་ཀ་བྱས་པ་ལས་བྱུང་བ་ཞིག་ཡིན་པ་དང་། དངོས་སྒྲུབ་བྱས་ན་གཞི་ནས་བྱས་རྗེས་འཇོག་ཐུབ་པ་དང་བྱས་རྗེས་ངོ་མ་འཇོག་ཐུབ”འདི་ལྟ་བུའི་དམ་པ་དོན་གཉེར་གྱི་སྲིད་དོན་ལས་རྗེས་ལྟ་བ་ལས་ལྷ་ས་གྲོང་ཁྱེར་ནགས་ཚལ་རྩྭ་ཐང་ཅུས་ཀྱི་ཏང་ཡོན་ལས་བྱེད་པ་ཚང་མ“ཤིང་འཛུགས་མཁན”ཞིག་བྱེད་འདོད་ལ“ལམ་འདིང་མཁན”ཞིག་ཀྱང་བྱེད་འདོད་བྱུང་ཡོད།
འགོ་ཁྲིད་ཀྱི་སྣེ་ཁྲིད་འོག་ལྷ་ས་གྲོང་ཁྱེར་ནགས་ཚལ་རྩྭ་ཐང་ཅུས་ཀྱི་ཏང་ཡོན་ལས་བྱེད་པས“ཤིང་འཛུགས་མཁན”དང་ཤིང་སྲུང་མཁན་ཞིག་ཏུ་བརྩོན་ལེན་གྱིས་གཞུང་ལས་ཁང་རི་མགོར་སྤོས་ཏེ་ཤིང་སོན་འཕྲོད་ཐབས་དང་ཆུ་སྦུག་འདིང་བ་སོགས་བྱས་ནས་ལྗོན་ཤིང་ཚང་མ་རྩ་བ་ཚུགས་ནས་ལོ་འདབ་རྒྱས་པར་བྱས་ཡོད།
ལྷ་ས་གྲོང་ཁྱེར་ནགས་ཚལ་རྩྭ་ཐང་ཅུས་ཀྱི་རིམ་པ་གཉིས་པའི་བརྟག་ཞིབ་པ་ལི་པའོ་ཕིང་ལོ་མང་རིང་ཆ་རྐྱེན་ཞན་ཤོས་ཀྱི་ནགས་བཟོའི་ཁུལ་དུ་བསྡད་ཅིང་། ལྷོ་རི་བྱང་རི་ཆགས་ཁུལ་གྱི་ས་རྒྱུ་ཞན་པ་དང་ཆུ་རླངས་པར་འགྱུར་མགྱོགས་པ་མ་ཟད། དུས་འགོར་ཉམས་མྱོང་གང་ཡང་མེད་པས། ཁོང་གིས་ཐབས་ཤེས་ཡོད་དགུ་རྩལ་སྤྲུག་བཏོན་ནས་དཀའ་ངལ་ལས་སྒྲོལ་ཐབས་བྱས་ཡོད།
དེ་ལྟ་བུའི“འཐབ་ས་དང་པོར་ལས་ཀ་ཧུར་ཐག་སྒྲུབ་པའི”ཉམས་སད་ཐེག་ཐུབ་པའི་སྤྱོད་ཚུལ་ལས་ལག་རྩལ་གྱི་འགག་གནད་རེ་རེ་བཞིན་བསལ་ནས་ནགས་བཟོའི་ཤིང་སོན་གསོན་ཚད་85%ཡན་ཟིན་པ་དང་ས་ཁོངས་ཁག་གཅིག་ཏུ་90%ལས་བརྒལ་ཡོད།
གཡོག་བྱེད་ཞིབ་ཚགས་ལས་རི་བོ་ནགས་ཀྱིས་ཁེབས་པ།
“ལོ་ལྔའི་རིང་རི་ཀླུང་སྔོ་ལྗང་ཅན་དུ་འགྱུར་བ་དང་ལོ་བཅུའི་རིང་ལྷ་སར་སྔོ་ལྗང་གིས་ཁེངས་པའི”དམིགས་ཚད་ལ་དམིགས་ཏེ། ལྷ་ས་གྲོང་ཁྱེར་ནགས་ཚལ་རྩྭ་ཐང་ཅུས་ཀྱིས་འདྲ་ཆགས་པོ་མི་བྱེད་པར་དམ་པ་དོན་གཉེར་གྱི་སྙིང་སྟོབས་དེ་ཤིང་སོན་འདེམས་པ་དང་། གསོ་བ། འཛུགས་པ། གཡོག་བྱེད་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཡོད།
དེ་ལྟ་བུའི་དམ་པ་དོན་གཉེར་དང་ཏན་ཏན་ཏན་ཏིག་གི་སྤྱོད་ཚུལ་གྱི་ཁྲིད་སྟོན་འོག ལྷ་ས་གྲོང་ཁྱེར་ནགས་ཚལ་རྩྭ་ཐང་ཅུས་ཀྱིས་ཚན་རིག་དང་མཐུན་པའི་ངང་ནགས་བཟོ་དང་གནད་སྨིན་ཇུས་འདོན་བྱེད་རྒྱུ་མཐའ་འཁྱོངས་དང་། སྐྱེ་ཤིང་འཚམ་སར་སྐྱེ་ཤིང་འདེབས་པ་དང་། སྡོང་ཕྲན་འཚམ་སར་སྡོང་ཕྲན་འདེབས་པ། རྩྭ་འཚམ་སར་རྩྭ་འདེབས་པ་བཅས་མཐའ་འཁྱོངས་བྱས་ཏེ། “ལྗོན་ཤིང་མང་པོ་འཛུགས་པ་དང་། ལྗོན་ཤིང་ཡག་པོ་འཛུགས་པ། ལྗོན་ཤིང་ལ་གཡོག་བྱེད་ཡག་པོ་བྱེད་པ”བཅས་ཀྱི་ལྷུ་ཚིགས་གསུམ་ལ་གཞོལ་ནས་ལྗོན་ཤིང་ཡུག་གཅིག་བཏབ་ཚེ་ཡུག་གཅིག་གསོན་ནས་ནགས་ཚལ་དུ་འགྱུར་ཐུབ་པར་བྱས་ཡོད།
ལྷ་ས་གྲོང་ཁྱེར་ནགས་ཚལ་རྩྭ་ཐང་ཅུས་ཀྱི་ལྟེ་བའི་སྡོང་ཕྲུག་ར་བའི་ལག་རྩལ་ཆེ་མོ་བ་ཤིས་དཀར་མོས“འཕྲོ་བརླག་གཏོང་མི་རུང་བའི”ཐོག་མའི་བསམ་འདུན་ཐོག་མཐའ་བར་གསུམ་དུ་བརྟན་སྲུང་བྱེད་ཅིང་། ཁོང་གིས“ལྗོན་ཤིང་རེ་རེར་མི་མང་པོའི་སེམས་ནུས་འདུས་ཡོད་པས་བཏབ་ནས་གསོན་ཐུབ་པ་བྱེད་དགོས་པ་ལས་འཕྲོ་བརླག་གཏན་ནས་གཏོང་མི་རུང”ཞེས་རྟག་ཏུ་བརྗོད་ཀྱི་ཡོད།
ལྗོངས་ཕྱི་ནས་ནང་འདྲེན་བྱས་པའི་སྡོང་ཕྲུག་ལ་ཁོང་དང་ལས་རོགས་ཚོས་ཉུང་མཐར་ཡང་ཟླ་བ་དྲུག་རིང་གཡོག་བྱེད་བྱས་ནས་སྡོང་ཕྲུག་ས་མཐོའི་གནམ་གཤིས་དང་ས་རྒྱུ་དང་འཕྲོད་ཐུབ་པ་བྱེད་ཀྱི་ཡོད་ལ། གསོན་ཚད་ཚད་ལོན་མེད་པ་དག་མཐའ་གཅིག་ཏུ་འདོར་གྱི་ཡོད།
ཚོད་ལྟའི་འདེམས་སྒྲུག་ཐེངས་མང་བྱས་པ་བརྒྱུད། རྒྱལ་རྩེའི་གླ་ཚེར་དང་། ཐང་ཤིང་། རི་སྐྱེས་བོད་ཁམ། བྱེ་ལྡན་ཆི་བི་ཁ་སོགས་གྲང་འགོག་ཐན་འགོག་དང་རླུང་འགོག་ཐུབ་པའི་ཤིང་རིགས་དེ་དག་གངས་ལྗོངས་ས་མཐོར་རྩ་བ་བརྟན་པོ་ཚུགས་ནས་ལོ་འདབ་རྒྱས་བཞིན་ཡོད།
ཤིང་རིགས་འདེམས་པ་ནི་ནགས་བཟོའི་གོམ་པ་དང་པོ་དེ་ཡིན་ཞིང་། ཚད་ལྡན་ཅན་དང་ཞིབ་ཚགས་ཅན་གྱི་བརྒྱུད་རིམ་ཧྲིལ་པོའི་གཡོག་བྱེད་ནི་སྔོ་འགྱུར་ཡོང་བའི་འགག་རྩའི་འགན་ལེན་ཞིག་དེ་བས་ཀྱང་རེད།
སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་སྔོ་འགྱུར་ཡོང་བར་བརྩོན་པ།
སྤྱོད་ཚུལ་ལེགས་སུ་གཏོང་ཤུགས་དེས་ལས་གྲྭ་འཛུགས་སྐྲུན་གྱི་སྤུས་ཚད་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད།
ལྷོ་རི་བྱང་རི་སྔོ་འགྱུར་ནི་རྒྱུན་སྲིང་དམག་འཐབ་ཅིག་རྒྱག་པ་ལྟ་བུ་ཡིན་པས་ངེས་པར་དུ་ཏང་གི་སྤྱོད་ཚུལ་བཟང་པོ་རྒྱུན་སྲིང་ལྷོད་མེད་ཀྱིས་དར་སྤེལ་བཏང་ནས་རྒྱུན་རིང་དང་། ནན་པོ། ཏན་ཏིག གཏིང་ཟབ། ཞིབ་ཚགས་བཅས་ཀྱི་ཐད་ཤུགས་རྒྱག་དགོས།
“བྱས་རྗེས་ལ་ཐོབ་རྩོད་མི་བྱེད་པ”དང“གཟེར་འདེབས་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་ཏན་ཏན་ཏིག་ཏིག་ངང་ལས་དོན་སྒྲུབ་དགོས”ཞེས་པ་དེ་ནི་ལྷ་སའི་ནགས་ཚལ་རྩྭ་ཐང་ཅུས་ཀྱི་ལས་མི་ཚོའི་མངོན་པར་གསལ་བའི་བསམ་པའི་ཉམས་འགྱུར་ཞིག་རེད། ཁོང་ཚོས་མང་ཚོགས་ཀྱིས་མིག་མཐོང་ལག་ཟིན་ཐུབ་པའི“མངོན་གསལ་དོད་པའི་བྱས་རྗེས”ཡག་པོ་འཇོག་པར་བརྩོན་གྱི་ཡོད་ལ། མི་རབས་རྗེས་མར་དམིགས་པ་དང་ཕུགས་ལ་ཕན་པའི“མངོན་ཆུང་གི་འབད་བརྩོན”ཡང་བྱེད་ཀྱི་ཡོད།
ལྷ་ས་གྲོང་ཁྱེར་ནགས་ཚལ་རྩྭ་ཐང་ཅུས་ཀྱིས“བསམ་ཇུས་གཅིག”གི་བསམ་བློ་བརྟན་པོ་བཙུགས་ཏེ། ལྗོངས་དང་གྲོང་ཁྱེར་རིམ་པ་གཉིས་ཀྱི་ལས་རིགས་སྡེ་ཚན་དང་རང་འགུལ་ངང་འབྲེལ་མཐུད་བྱེད་པ་དང་། རྒྱུན་རྣམ་ཅན་གྱི་མཐུན་སྦྱོར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། རྣམ་གྲངས་ཀྱི་ཞིབ་བཤེར་མཆན་འགོད་དང་། མ་དངུལ་གཏོང་སྤྲོད། གློག་ཤུགས་མཁོ་སྤྲོད། ཆུ་ཁུངས་འགན་ལེན་སོགས་སྡེ་ཚན་ལས་བརྒལ་བའི་གནད་དོན་ཐག་གཅོད་ནུས་ལྡན་བྱས་ནས“རིག་པ་གཅིག་ལ་སྒྲིམ་པ་དང་ནུས་ཤུགས་གཅིག་ལ་འདོན་པའི”ལས་ཀའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱས་ཡོད།
གཡོག་བྱེད་ཀྱི་འཐབ་ས་དང་པོར་ནགས་ཚལ་མེ་ཟོན་ས་ཚིགས་ཀྱི་འགན་འཁུར་བ་བདེ་གཡང་གི་ངོས་ནས་བརྗོད་ན། ནད་འབུའི་གནོད་འཚེར་ལྟ་ཞིབ་ཚད་ལེན་བྱེད་པ་དང་། ནགས་ཚལ་གྱི་མེ་ཟོན་སྐོར་ཞིབ་བྱེད་པ། ཡང་ན་རྒྱུན་གཏན་གྱི་གསོ་སྐྱོང་དང་གཡོག་བྱེད་བཅས་གང་ཞིག་ཡིན་རུང་ཐོག་མཐའ་བར་གསུམ་དུ་ལས་གནས་བརྟན་སྲུང་གིས་ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བར་ལྗོན་ཤིང་གསར་པ་ཚང་མ་སྐྱེ་ཁམས་ཀྱི་གྲུབ་འབྲས་ལ་བརྩིས་ནས་སྲུང་སྐྱོང་ཞིབ་ཚགས་བྱེད་བཞིན་ཡོད།
2021ལོ་ཚུན་དུ། ལྷ་ས་གྲོང་ཁྱེར་གྱིས་རིམ་རྩིས་བརྒྱབ་ན་ནགས་བཟོ་ནགས་སྐྱོང་མུའུ་ཁྲི་91.98བྱས་པ་དང་། ཤིང་སོན་སྡོང་རྐང་དུང་ཕྱུར་1ལྷག་ཙམ་བཏབ་པ། མང་ཚོགས་མི་ཐེངས་ཁྲི་950ལྷག་ཙམ་འཛུགས་སྐྲུན་ནང་བསྡུས་པར་མང་ཚོགས་ལ་འབབ་འཕར་སྒོར་དུང་ཕྱུར་30ལྷག་ཙམ་བྱུང་བ། སྐྱེ་ཁམས་སྔོ་འགྱུར་དང་མི་སེར་འབབ་འཕར་བྱུང་ནས“མི་དམངས་ཀྱི་ཆེད་དུ་སྔོ་འགྱུར་བྱེད་པ་དང་། མི་དམངས་ལ་བརྟེན་ནས་སྔོ་འགྱུར་བྱེད་པ། སྔོ་འགྱུར་གྱི་གྲུབ་འབྲས་མི་དམངས་ཀྱིས་མཉམ་སྤྱོད་བྱེད་པ”བཅས་ཀྱི་འདུ་ཤེས་གསོན་ཉམས་དོད་པོས་ལག་ལེན་བསྟར་ཡོད།
དེ་ནི“དམངས་ལ་བདེ་རྩ་སྐྲུན་པ་ནི་སྲིད་དོན་ལས་རྗེས་ཆེ་ཤོས་རེད”ཅེས་པ་གངས་ལྗོངས་ས་མཐོར་ཇི་མ་ཇི་བཞིན་ལག་ལེན་བསྟར་བ་ཞིག་སྟེ། སྔོ་ལྗང་གི་གྲུབ་འབྲས་ལ་མི་དམངས་ཀྱིས་ཞིབ་དཔྱད་བྱེད་པ་དང་འཕེལ་རྒྱས་ཀྱི་ཁེ་སྤོགས་མི་དམངས་ཀྱིས་མཉམ་སྤྱོད་བྱེད་པ་དེ་རེད།
ལྷ་ས་གྲོང་ཁྱེར་ནགས་ཚལ་རྩྭ་ཐང་ཅུས་ཀྱི་ལས་བྱེད་ལས་བཟོ་ལྟ་བུའི་ལས་ཀར་ཧུར་ཐག་འབད་ཐག་བྱེད་མཁན་གྱི་ས་མཐོའི་ནགས་བཟོ་བ་ཡོད་པའི་དབང་གིས་ལྗོངས་ཡོངས་སུ་སྔོ་ཁེབས་ཚད་1977ལོའི་5.7%ནས་ད་ཆའི་12.54%བར་འཕར་ཡོད།
ལྷོ་རི་བྱང་རི་སྔོ་འགྱུར་ནི་ཤིང་འཛུགས་ནགས་བཟོའི་འགག་སྒྲོལ་དམག་འཐབ་ཅིག་རེད་ལ། སྤྱོད་ཚུལ་འཛུགས་སྐྱོང་གི་རྒྱུན་སྲིང་དམག་འཐབ་ཅིག་དེ་བས་ཀྱང་རེད།
“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་འཛུགས་ས་གསར་པར། ས་མཐོའི་ནགས་བཟོ་བ་ཚོར་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་ཁྲིད་སྟོན་དུ་བྱས་ཏེ། ལས་འགན་གཅིག་རྗེས་གཉིས་མཐུད་ཀྱིས་སྒྲུབ་པ་དང་ནན་ནན་ཏིག་ཏིག་གིས་བསྒྲུབས་ཚེ། ནམ་མཁའ་དང་ཐག་ཉེ་ཤོས་ཀྱི་གནས་འདིར་བུ་རབས་ཚ་རྒྱུད་ལ་སྔར་བས་སྔོ་ཐིང་ཐིང་དང་སྔར་བས་མཛེས་སྡུག་ལྡན་པའི་སྔོ་ལྗང་གི་ཁྱིམ་གཞིས་ཤིག་བསྐྲུན་ཐུབ་ངེས་ཡིན་པའི་ཡིད་ཆེས་བརྟན་པོ་ཡོད།
འབྲེལ་ཡོད་གསར་འགྱུར།