རོགས་སྐྱོར་བྱ་ཐབས་ཁག་12ཀྱིས་རྨང་གཞི་བརྟན་དུ་བཏང་། ལག་བསྟར་ཞིབ་སྲོལ་ཁག་19ཡིས་མྱུར་ཚད་མགྱོགས་སུ་ཕྱིན།
བོད་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་དར་ཞིང་རྒྱས་པ།
2025ལོའི་ཟླ་9པར། རང་ལྗོངས་ཀྱིས《རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནོར་སྲིད་ཀྱིས་རྒྱབ་སྐྱོར་བྱེད་པའི་བྱ་ཐབས་ཁག་བཅུ་གཉིས》(གཤམ་དུ“བྱ་ཐབས་ཁག་བཅུ་གཉིས”ཞེས་བསྡུ་རྒྱུ)བཀྲམ་པ་དང་། རྗེས་མཐུད་དུ《རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནོར་སྲིད་ཀྱིས་རྒྱབ་སྐྱོར་བྱེད་པའི་བྱ་ཐབས་ཁག་བཅུ་གཉིས》ཀྱི་ལག་བསྟར་ཞིབ་སྲོལ་ཁག་19བཀྲམ་པ་མ་ཟད། སྤྱི་ཚོགས་ཐོག་ཡོངས་བསྒྲགས་ཀྱང་བྱས་པ་རེད། དེ་ནི་རྒྱལ་ཁབ་ཀྱི་རིག་གནས་སྟོབས་ཆེའི་རྒྱལ་ཁབ་ཀྱི་འཐབ་ཇུས་དང་ཡུལ་སྐོར་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་གྱི་བཀོད་སྒྲིག་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་ཅིག་རེད་ལ། རང་ལྗོངས་ཀྱི་རིག་གནས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་ཞན་ཆ་སེལ་བ་དང་འཕེལ་རྒྱས་ཀྱི་ནང་གནས་སྒུལ་ཤུགས་འཕེལ་བར་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཀྱང་རེད།
སྲིད་ཇུས་ཀྱིས་ཕན་འབྲས་འབུར་དུ་ཐོན་པར་མཐུན་རྐྱེན་སྦྱར་བ། ད་ལོའི་དུས་ཚིགས་དང་པོར། བོད་ཀྱི་ཡུལ་སྐོར་ཁྲོམ་རར་ཚ་རླབས་འཕྱུར་ནས་དགའ་འོས་པའི་འཕེལ་ཕྱོགས་མངོན་པ་སྟེ། ཡུལ་སྐོར་བ་མི་ཐེངས་ཁྲི་619.33ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་བཅུ་ཆ་གསུམ་ལྷག་ཙམ་འཕར་བ་དང་། Aརིམ་པའི་མཛེས་ལྗོངས་ཁུལ་211གིས་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་33.78%འཕར་བ། གཞུང་ལམ་དུ་འགྲུལ་སྐྱེལ་རླངས་འཁོར་རྒྱུག་ཚད་12.3%འཕར་ཡོད། དམངས་སྤྱོད་མཁའ་འགྲུལ་གྱིས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་193.4ཟིན་ནས་15.2%འཕར་བ་དང་རིག་གནས་ཡུལ་སྐོར་གྱི་འཛད་སྤྱོད་ཁྲོམ་རའི་གསོན་ཤུགས་འཕེལ་ཡོད།
“སྔར་བྱུང་མྱོང་མེད་པ་གསུམ”གྱི་ཤུགས་ཚད་ཡང་སྙིང་ཇི་ཙམ་ཡོད་དམ།
མངོན་གསལ་དོད་པའི་གྲངས་གཞི་དེ་དག་ལས་ནོར་སྲིད་སྲིད་ཇུས་ཀྱི་གནད་སྨིན་བྱ་ཐབས་དང་ནུས་ཤུགས་ཡོད་རྒུས་རོགས་སྐྱོར་བྱས་པ་མཚོན་ཡོད།
2024ལོར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས《རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་ནས་རིག་གནས་ཡུལ་སྐོར་ཐོན་ལས་དེ་རང་སྐྱོང་ལྗོངས་ཀྱི་ཀ་རྟེན་ཐོན་ལས་དང་དམངས་འཚོའི་ཐོན་ལས་སུ་གཏན་འཁེལ་བྱས་ཡོད། ད་ཐེངས་བཏོན་པའི“བྱ་ཐབས་ཁག་བཅུ་གཉིས”དང་ལེ་ལག་ཚང་བའི་ཞིབ་སྲོལ་ནི་རྩེ་རིམ་འཕེལ་རྒྱས་ཀྱི་འཆར་འགོད་ཞིབ་ཕྲ་དོན་འཁྱོལ་བྱེད་པའི་བྱ་སྤྱོད་ཀྱི་འཆར་གཞི་ཞིག་རེད།
བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཐུབ་བསྟན་མཁས་གྲུབ་ཀྱིས་བོད་ཀྱི་ཡུལ་སྐོར་ལ་ཞིབ་འཇུག་ལོ་མང་བྱས་ཤིང་། ཁོང་གི་ཚོགས་པས་བོད་ཀྱི་ལོ་40ཡི་རིང་གི་ཡུལ་སྐོར་འཕེལ་རྒྱས་ཀྱི་གྲངས་གཞིར་བསྡོམས་རྩིས་དབྱེ་ཞིབ་བྱས་པ་ལས་བསྡོམས་ཚིག་ཅིག་བྱུང་བ་སྟེ། ཆ་རྐྱེན་ཁག་རྒྱུན་འཁྱོངས་བརྟན་པོ་ཐུབ་པའི་སྔོན་འགྲོའི་འོག་བོད་ཀྱི་ཡུལ་སྐོར་གྱི་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་1རེ་འཕར་ཚེ་GDPསྒོར་དུང་ཕྱུར་3.571འཕར་བར་སྐུལ་ཁྲིད་ཐུབ་པ་དང་ཐོན་ལས་གསུམ་པར་སྒོར་དུང་ཕྱུར་1.9འཕར་བར་སྐུལ་ཁྲིད་ཐུབ་ཀྱི་ཡོད། སྐུལ་ཁྲིད་ཀྱི་ཕན་འབྲས་དེ་ལྗོངས་ཡོངས་ཀྱི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་བའི་གཏིང་ཤུགས་ཆེ་ཤོས་སུ་གྱུར་ཡོད།
རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ་གཞོན་པ་དབྱང་ཅེ་ཡིས། རྨང་གཞིའི་སྒྲིག་བཀོད་ཀྱིས་ས་ཁོངས་ཀྱི་བཀག་རྒྱ་སེལ་བ་དང་། སྲིད་ཇུས་ཀྱི་རྒྱུ་རྐྱེན་གཙོ་བོས་ཐོན་ཁུངས་འཁོར་རྒྱུག་ཐུབ་པར་བྱེད་པ། མ་རྩས་ཤུལ་བཞག་སྲུང་སྐྱོང་དང་ཐོན་ལས་འགོ་འཛུགས་པར་རྒྱབ་སྐྱོར་བྱེད་པ་བཅས་གསུམ་པོས་ཐུན་མོང་ཐོག་བོད་ཀྱི་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་བཀོད་པར་འདེགས་སྐྱོར་བྱས་པའི་ངོས་འཛིན་བྱས་ཡོད། རེས་སྐོར་འདིར་གཅིག་སྡུད་ཐོག་བཏོན་པའི་སྲིད་ཇུས་ཀྱིས་སྲིད་ཇུས་ཀྱི་འགན་ལེན་རྨང་གཞི་སྔར་བས་བརྟན་དུ་བཏང་ནས་རིག་གནས་ཡུལ་སྐོར་གྱི་ཐོན་ཁུངས་སྣ་ཚོགས་ནུས་ཆེའི་ངང་བརྒྱུད་བཤུག་དང་རིན་ཐང་མངོན་པར་བྱས་ཡོད།
“ཟུང་སྦྲེལ་གཉིས”ཀྱི་ལམ་སྲོལ་ལག་བསྟར་བྱས་ནས་དངུལ་དགོས་མཁོ་ཆེ་སར་བཏང་བ།
ད་ཐེངས་ཀྱི་སྲིད་ཇུས་ཀྱི་ཁྱད་ཆོས་མངོན་གསལ་དོད་ཤོས་ནི“ཟུང་སྦྲེལ་གཉིས”ཀྱི་བྱ་ཐབས་ཡིན་པ་སྟེ། མ་དངུལ་བྱ་སྤྱོད་ཐད་གཏོང་བ་དང་བྱ་དགའ་ལས་རྗེས་ཐད་སྤྲད་དེ་ནོར་སྲིད་ཀྱི་གཏོང་ཆ་ཚང་མ་སྤྱོད་ཐུབ་པ་བྱ་རྒྱུ་དེ་རེད། འཁོར་གཏོང་ཡུལ་སྐོར་གྱི་ཁ་གསབ་ལ་ཆ་མཚོན་ན། སྲིད་ཇུས་ཀྱིས་ཚད་གཞི་4བཟོས་པ་སྟེ་འགྲོ་ཐེངས་རེར་རླངས་འཁོར་རུ་ཁག་རེར་རླངས་འཁོར་10ལས་མི་ཉུང་བ་དགོས་པ་དང་། བོད་དུ་ཉིན་8ལས་མི་ཉུང་བ་སྡོད་པ་དང་ཉིན་ལྟར་ལམ་ཐག་སྤྱི་ལེ་200ལས་མི་ཉུང་བ་སྐྱོད་དགོས་པ། ངེས་པར་དུ་རིན་བསྡུའི་Aརིམ་པའི་མཛེས་ལྗོངས་ཁུལ་2ཡན་དུ་ལྟ་སྐོར་བྱེད་དགོས་པ། བོད་དུ་མ་བསྐྱོད་གོང་ལྟ་འདོམས་ལས་སྟེགས་སུ་ཆ་འཕྲིན་གྱི་རེའུ་མིག་འགོད་པ་དང་རིམ་པ་བཞིན་ཚད་ལྡན་ངང་ཞིབ་བཤེར་བྱས་ཏེ་ཁ་གསབ་ཀྱིས་འཁོར་གཏོང་ཡུལ་སྐོར་གྱི་རྣམ་གྲངས་ལ་དངོས་འབྲེལ་ཕན་པ་ཐོབ་པའི་འགན་ལེན་བྱེད་དགོས་པ་བཅས་རེད།
ཁ་གསབ་གཡོ་ལེན་སོགས་སྒྲིག་འགལ་བྱེད་སྤྱོད་སྔོན་འགོག་བྱ་ཆེད། སྲིད་ཇུས་ཐད་ད་དུང་ལྟ་འདོམས་ཀྱི་འགོག་སྲུང་འཛིང་རགས་3བསྐྲུན་པ་སྟེ། “ཚོགས་པ་རེར་སྙན་ཞུ་རེའི”དྲ་ཐོག་ལམ་ཐིག་གཏན་འཁེལ་བྱས་པ་དང་། ཁོངས་གཏོགས་ཁུལ་གྱི་རིག་གནས་ཡུལ་སྐོར་སྡེ་ཚན་གྱི་དྲ་ཕྱིའི་མཐིལ་རྟོགས་རྣམ་པའི་ཞིབ་དཔྱད་ཚད་ལེན་བྱས་ནས་མི་བདེན་རྫུན་སྒྲིག་བྱེད་མཁན་ཡིད་རྟོན་མིང་གཞུང་ནག་པོའི་ནང་བཅུག་ཡོད། དེ་དང་ཆབས་ཅིག “ཚད་གཞི་མཐོ་ཤོས་བསྐྱར་ཟློས་མི་བྱེད་པའི”རྩ་དོན་མཐའ་འཁྱོངས་ཀྱིས་རྣམ་གྲངས་གཅིག་ལ་ཁ་གསབ་དངུལ་བསྐྱར་ཟློས་བྱེད་མི་རུང་བར་ནོར་སྲིད་མ་དངུལ་ཚད་ལྡན་ངང་སྤྱོད་ཐུབ་པའི་འགན་ལེན་བྱས་ཡོད།
སྲིད་ཇུས་བཟང་པོས་མི་སེར་ལ་ཕན་བཏགས་པ།
“འཚོ་བ་སྐྱེལ་མཁས་པོ་བྱེད་པ་ནི་འགྲོ་སོང་མི་གཏོང་བ་མིན་པར་དངུལ་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་གཏོང་དགོས་པ་དེ་རེད”ཅེས་རང་སྐྱོང་ལྗོངས་ནོར་སྲིད་ཐིང་གི་འབྲེལ་ཡོད་འགན་འཁུར་བས་བཤད།
“བྱ་ཐབས་ཁག་བཅུ་གཉིས”དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་པ་བྱ་ཆེད་རང་ལྗོངས་ཀྱིས་ཕྱོགས་གཉིས་ཀྱི་ལས་དོན་གཙོ་གནད་དུ་བཟུང་ནས་དམ་འཛིན་ཡག་པོ་བྱ་རྒྱུ་ཡིན་ཞིང་། གཅིག་ནི་སྲིད་ཇུས་ལ་གཞིགས་ནས་ལག་བསྟར་ཞིབ་སྲོལ་ཁག་19བཀྲམ་སྟེ་རེ་ཞུའི་དུས་ཚོད་དང་། ཆ་རྐྱེན། དཔྱད་ཡིག་བཅས་ཁ་གསལ་བཟོས་ཏེ་གྲོང་ཁྱེར་དང་། རྫོང་། ཁེ་ལས་བཅས་ཀྱིས་བལྟས་པ་ཙམ་གྱིས་ཤེས་པ་དང་སྦྱངས་པ་ཙམ་གྱིས་རྟོགས་པ་བྱ་རྒྱུ་དང་། གཉིས་ནི་གྲོང་ཁྱེར་དང་ས་ཁུལ་ཁག་ལ་རང་འགུལ་ངང་ཞབས་འདེགས་ཞུ་དགོས་པ་ལས་ཁེ་ལས་སྒོ་རྩར་ཡོང་རྒྱུ་སྒུག་མི་རུང་། གཞི་རིམ་སྡེ་ཚན་གྱིས“ཟུར་ཁྲིད་པ”ཡག་པོ་བྱེད་པ་དང་། ཁེ་ལས་ལ་དཔྱད་གཞི་གྲ་སྒྲིག་བྱ་རྒྱུར་མཛུབ་ཁྲིད་བྱེད་པ། ཁེ་ལས་ལ་སྒྲིག་སྲོལ་ཤེས་རྟོགས་བྱེད་རོགས་བྱེད་པ་བཅས་བྱས་ནས་སྲིད་ཇུས་ཀྱི་ཁེ་སྤོགས་ཆ་རྐྱེན་འཛོམས་པའི་ཁྲོམ་རའི་གཉེར་སྐྱོང་བྱེད་པོར་དོན་འཁྱོལ་ཐུབ་པའི་འགན་ལེན་བྱེད་དགོས།
སྲིད་ཇུས་རབ་དང་རིམ་པའི་རྒྱབ་སྐྱོར་འོག་དུས་ཚིགས་དང་པོར་རང་ལྗོངས་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་སྤུས་འབོར་གཉིས་ལྡན་གྱི་གྲུབ་འབྲས་མངོན་གསལ་དོད་ཅིང་། མཁའ་འགྲུལ་ཡུལ་སྐོར་གྱི་སྐྱེལ་འདྲེན་ཕྱིར་ཚོང་ཡོང་འབབ་16.7%འཕར་བ་དང་། དམངས་སྲོལ་གནས་ཚང་གི་ཞབས་ཞུ་བྱེད་ཚད་69.5%འཕར་བ། རིག་རྩལ་གསར་རྩོམ་དང་འཁྲབ་སྟོན་བྱེད་ཚད་65.2%འཕར་བ། རྒྱན་ཆའི་བཟོ་རྩལ་ཐོན་རྫས་དང་དེ་བཞིན་བསྡུ་ཉར་དངོས་རྫས་སྡེབ་ཚོང་བྱེད་ཚད་76.3%འཕར་བ། ཐོན་ལས་ཀྱི་ལས་རྣམ་ཕྱོགས་ཡོངས་ནས་ལེགས་སུ་ཕྱིན་པ་བཅས་རེད།
2025ལོའི་ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས་རིང་། ནན་ཅིང་སྒྱུ་རྩལ་སློབ་གླིང་གི་ཏང་ཨུད་ཧྲུའུ་ཅི་ཡུས་ཧྥུང་གིས་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་བྱེད་སྐབས“བོད་ལ་ཐུན་མོང་མ་ཡིན་པའི་རང་བྱུང་གི་ལེགས་ཆ་དང་སྣ་མང་ཕུན་སུམ་ཚོགས་པའི་མི་ཆོས་རིག་གནས་ཀྱི་ཐོན་ཁུངས་ཡོད་ཅིང་། ཐོན་ཁུངས་བསྡུ་སྒྲིལ་དང་ཁེ་ཕན་མཉམ་སྤྱོད་ཀྱི་ལམ་སྲོལ་བརྒྱུད་རིག་གནས་ཀྱི་ལེགས་ཆ་དེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་དུ་བསྒྱུར་རྒྱུ་ནི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་དོན་སྙིང་གཙོ་བོ་རེད” “བྱ་ཐབས་ཁག་བཅུ་གཉིས”ནས་ལག་བསྟར་ཞིབ་སྲོལ་ཁག་19བར་རང་ལྗོངས་ཀྱིས་ནོར་སྲིད་ལམ་ལུགས་ཀྱི་མ་ལག་རང་བཞིན་གྱི་གསར་གཏོད་ཀྱིས་ཐོན་ལས་འཕེལ་རྒྱས་ལ་མཐུན་རྐྱེན་སྦྱར་ནས་རིག་གནས་ཡུལ་སྐོར་ཐོན་ལས་ལ་ཐོབ་པའི་གཡུར་ཟའི་གྲུབ་འབྲས་དེ་དངོས་དངོས་རྗེན་རྗེན་གྱི་དམངས་འཚོའི་བདེ་རྩར་འགྱུར་བ་བྱས་ཐོག་རྒྱ་ཆེའི་མི་དམངས་མང་ཚོགས་ལ་ཕན་པ་འདོགས་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།