གཞིས་རྩེ་གྲོང་ཁྱེར་ས་སྐྱ་རྫོང་གིས་ས་མཐོའི་སྐྱེ་ཁམས་འཕེལ་རྒྱས་ཤུགས་ཆེན་བཏང་བ།
རང་རྒྱལ་གྱི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་གལ་ཆེན་ཞིག་ཡིན་པའི་བོད་ཀྱི་ས་གཞིའི་སྟེང་གི་རྩྭ་རྩི་ཤིང་དང་རི་ཆུ་ཀླུང་གསུམ་སྲུང་སྐྱོང་ཡག་པོ་བྱེད་པ་ནི་དོར་ཐབས་མེད་པའི་འགན་འཁྲི་ཞིག་རེད་ལ། ཕུགས་ཀྱི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་ལྟེ་བའི་གཏིང་ཤུགས་ཤིག་དེ་བས་རེད།
ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ས་མཐོར་དོན་འཁྱོལ་ཇི་ལྟར་བྱེད་དགོས་སམ། སྐྱེ་ཁམས་སྲུང་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་ཇི་ལྟར་བྱས་ནས་མཉམ་དུ་འཕེལ་རྒྱས་ཀྱི་རྣམ་པ་གཏོད་དགོས་སམ། གནད་དོན་དེར་དམིགས་ནས། ཉེ་ཆར། གསར་འགོད་པ་དང་བཅས་པ་གཞིས་རྩེ་གྲོང་ཁྱེར་ས་སྐྱ་རྫོང་དུ་བསྐྱོད་དེ་བཅའ་འདྲི་བརྟག་ཞིབ་བྱས་ཤིང་། ཆ་སྙོམས་ས་བབ་སྨི་4000ལྷག་ཙམ་ཟིན་པའི་ས་མཐོའི་ས་གཞི་ཆེ་མོར་གནས་པའི་གཞོང་སྨད་ཤང་གི་མུའུ་ཁྲི་ཡི་བྱེ་སའི་སྐྱེ་ཁམས་འགྱུར་ལྡོག་ནས་ཀྲུང་གོ་ཉིང་རྡུལ་རླུང་འོད་གསོག་འཇོག་གློག་ཁང་གིས་ལྗང་མདོག་མཉམ་འཕེལ་བར་དང་དེ་ནས་དགེ་སྡིངས་གྲོང་རྡལ་རྡོ་རྒྱུ་གླིང་གི་འཁོར་རྒྱུག་ཕྱོགས་སྒྱུར་བར་གྱི་ས་མཐོའི་ཁྱད་ལྡན་སྐྱེ་ཁམས་འཕེལ་རྒྱས་ཀྱི་ལམ་བུ་བཏོད་ཡོད།
བྱེ་བཅོས་འགག་སྒྲོལ། བྱེ་འགོག་བྱེ་བཅོས་བྱས་ནས་གང་སར་སྔོ་ལྗང་གིས་བརྒྱན།
ས་སྐྱ་རྫོང་གཞོང་སྨད་ཤང་ནི་ས་སྐྱ་དང་། གཏིང་སྐྱེས། དིང་རི་བཅས་རྫོང་གསུམ་གྱི་འབྲེལ་མཚམས་སུ་གནས་ཤིང་། སྔོན་ཆད་རྟག་ཏུ་བྱེ་རླུང་ལྡང་བ་ནི་ས་གནས་དེ་གའི་མི་རབས་ཁ་ཤས་ལ་འཕྲད་པའི་དཀའ་ངལ་ཞིག་རེད། ཆུ་དབར་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་འཇམ་དབྱངས་ཀྱིས་བྱིས་དུས་ཀྱི་གནས་ཚུལ་དྲན་གསོ་བྱེད་བཞིན“ཞོགས་པར་ངོ་གདོང་གཙང་མར་བཀྲུས་ནས་ཕྱིར་སྐྱོད་ཀྱང་། ཉིན་དགུང་ལོག་སྐབས་མགོ་དང་སྣ་ཁུང་ཚང་མ་ཐལ་རྡུལ་གྱིས་ཁེངས་ཀྱི་ཡོད”ཅེས་བརྗོད་བྱུང་། བྱེ་རླུང་འུར་འུར་ལྡང་སྐབས་ངོ་གདོང་ལ་ན་ཟུག་གཏོང་བ་དང་རྩྭ་ཐང་ཡང་བྱེ་མས་བསྣུབས་ལ། སྐྱེ་མ་ཐག་པའི་ལྗང་པའི་མགོ་ཡང་གཅོད་པ་ཡིན། ཕྱིར་འགྲོ་དགོས་མེད་ན། ནང་དུ་སྡོད་པ་ནི་ས་གནས་དེ་གའི་མིས་བྱེ་རླུང་ལ་རྒོལ་བའི་འུ་ཐུག་གི་ཐབས་ཤིག་ཡིན།
2020ལོ་ནས་བཟུང་། ཁྱོན་མ་དངུལ་སྒོར་ཁྲི་2784.17བཏང་བ་དང་རྒྱ་ཁྱོན་མུའུ་4000ཟིན་པའི་བྱེ་འགོག་བྱེ་འཇགས་ཀྱི་སྐྱེ་ཁམས་བཅོས་སྐྱོང་རྣམ་གྲངས་དེ་གར་དོན་འཁྱོལ་བྱས་ནས་ས་མཐོའི་བྱེ་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཕྱོགས་ཡོངས་ནས་རྒྱག་འགོ་ཚུགས།
“2004ལོར་ལམ་དེ་བརྒྱུད་ནས་བོད་དུ་སྐྱོད་སྐབས་བྱེ་རླུང་འཚུབ་མས་གནམ་ས་བསྒྲིབས་ནས་ལམ་ཡང་མཐོང་ཁག་པོ་འདུག ལོ་བཅུ་ཡི་རྗེས་སུ་རང་ཉིད་བྱེ་རླུང་བཅོས་སྐྱོང་ནང་ཞུགས་ཐུབ་པ་བསམ་པའི་ཡུལ་ལའང་འཁོར་མྱོང་མེད”ཅེས་ལྗང་མདོག་དམག་འཐབ་ནང་ཞུགས་མྱོང་བའི་རྣམ་གྲངས་ཀྱི་འགན་འཁུར་བ་ཀུའོ་ཡོན་ཧྥུའུ་ཡིས་བཤད།
མཐོ་གྲང་དང་སྐམ་ཤས་ཆེ་བའི་བྱེ་ཐང་དུ་ལྕང་མ་འདེབས་རྒྱུ་ནི་ལས་སླ་བའི་བྱ་བ་ཞིག་ག་ལ་ཡིན། རྣམ་གྲངས་ལག་བསྟར་བྱེད་འགོ་ཚུགས་པའི་ལོ་དེར་ས་གནས་དེ་གར་ལོ་ཧྲིལ་པོར་ཆར་པ་ཐེངས་6ལས་བབས་མེད་ཅེས་ཀུའོ་ཡོན་ཧྥུའུ་ཡིས་དྲན་གསོ་དང་བཅས་བརྗོད་བྱུང་། ལོ་དང་པོར་བཏབ་པའི་གླ་ཚེར་དང་རྒྱ་ལྕང་མང་པོ་དགུན་དུས་ཀྱི་གྲང་ངར་དང་དབྱར་དུས་ཀྱི་ཐན་པ་བཟོད་མ་ཐུབ་པར་སྐམ་པའམ་ཡང་ན་གསོན་ཚད་ཧ་ཅང་ཉུང་ཉུང་དུ་གྱུར།
དཀའ་ངལ་ཇི་ལྟར་ཆེ་ཡང་་བྱེ་བཅོས་དཔའ་བོ་ཚོའི་གཉའ་ག་ལ་གནོན་ཐུབ། ས་བབ་མཐོ་བ་དང་། ཐན་སྐྱོན། དྲོད་ཚད་དམའ་བ་བཅས་ཀྱི་གནམ་གཤིས་ཀྱི་ཁྱད་ཆོས་ལ་དམིགས་ནས་རྣམ་གྲངས་ཚོགས་ཆུང་གིས་བྱེ་འགོག་བྱེ་འཇགས་ཀྱི་བྱེད་ཐབས་སྤྱད་པར་བརྟེན་བྱེ་རྡུལ་ཉུང་དུ་སོང་ཞིང་། དེ་དང་ཆབས་ཅིག་ཡུལ་བབ་དང་བསྟུན་ནས་རྒྱལ་རྩེའི་གླ་ཚེར་དང་ཡུལ་དེའི་རྒྱ་ལྕང་སོགས་ས་མཐོར་སྐྱེ་སླ་བའི་སྡོང་ཕྲུག་དང་རྩྭ་བཏབ་ནས་མི་ཐབས་ལ་བརྟེན་ཏེ་ནགས་བཟོ་དང་རྩྭ་འདེབས་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ཡོད།
སྐྱེ་ཁམས་ལེགས་སུ་ཕྱིན་པ་ལས་མང་ཚོགས་ལ་ཕན་པ་ཏན་ཏིག་ཐོབ་ཅིང་། “དེ་སྔ་ལོ་ལྟར་གྱི་ཟླ་བཞི་པ་ནས་བྱེ་རླུང་ལྡང་གི་ཡོད། ད་ཆ་སྔོ་ཁེབས་མང་དུ་ཕྱིན་པར་བརྟེན་བྱེ་རྡུལ་འཇགས་པ་དང་དབུགས་འབྱིན་རྔུབ་ཀྱང་བདེ་རུ་ཕྱིན་འདུག”ཅེས་ས་གནས་དེ་གའི་མང་ཚོགས་ཀྱིས་དགའ་ཚོར་ཆེན་པོས་བརྗོད།
སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་པར་བརྟེན་ས་གནས་དེ་གའི་མང་ཚོགས་སྐྱེ་ཁམས་སྲུང་སྐྱོང་ནང་ཞུགས་པའི་ཧུར་སེམས་ཀྱང་ཆེ་རུ་ཕྱིན་ཞིང་། ཚང་མས་རང་འགུལ་ངང་ཤིང་འཛུགས་དོ་དམ་སྲུང་སྐྱོང་དཔུང་ཁག་ལ་ཞུགས་ཏེ་སྐྱེ་ཁམས་བཅོས་སྐྱོང་ཐད་ཀྱི་ཕྱོགས་མི་ཞིག་ནས་ས་མཐོའི་ལྗང་མདོག་སྲུང་མཁན་དུ་གྱུར་ཡོད།
མི་རྣམས་དགའ་འོས་པ་ཞིག་ལ་སྔོ་ཁེབས་སླར་གསོ་བྱུང་བ་དང་ཆབས་ཅིག་ཆར་ཆུ་འབབ་ཚད་ཀྱང་མང་དུ་ཕྱིན་ཞིང་། 2023ལོར་ས་གནས་དེ་གར་ཆར་པ་ཐེངས་26བབས་ཡོད། འདམ་རའི་རྒྱ་ཁྱོན་ཆེ་རུ་འགྲོ་བཞིན་ཡོད་པ་དང་ཁྲུང་ཁྲུང་སྐེ་ནག་དང་། ཁྲུང་ཁྲུང་མགོ་ཁྲ། ངང་སེར་སོགས་ཀྱང་སྐྱིད་སྣང་ལྡན་པའི་ཁོར་ཡུག་ཁྲོད་ཕར་འཕུར་ཚུར་འཕུར་བྱེད་ཅིང་། “བྱེ་ས་ཆེ་རུ་འགྲོ་བ”ནས“སྔོ་ལྗང་བྱེ་འཇགས”ཀྱི་འགག་སྒྲོལ་བར། གཞོང་སྨད་ཤང་གིས་ལོ་མང་བརྟན་སྲུང་ཁྲོད་ལྗང་མདོག་གི་སྐྱེ་ཁམས་སྲུང་བཅད་བརྟན་པོ་ཞིག་བསྐྲུན་ཡོད།
ལྗང་ནུས་མཉམ་དར། རླུང་འོད་ནུས་རྒྱུ་མཉམ་དར་ཁྲོད་སྲུང་སྐྱོང་དང་འཕེལ་རྒྱས་བྱུང་བ།
གཞོང་སྨད་ཤང་གིས་བྱེ་འགོག་བྱེ་བཅོས་ཀྱི་ལས་ཀར་གཞོལ་བ་དང་མི་མཐུན་པར། ཀྲུང་གོ་ཉིང་རྡུལ་ས་སྐྱའི་ཆན་ཝ་ཁྲི་30ཟིན་པའི་རླུང་འོད་གསོག་འཇོག་གཞི་གཅིག་ཅན་གྱི་རྣམ་གྲངས་ཀྱིས་ནུས་རྒྱུ་གསར་པ་གསར་སྤེལ་དང་ས་མཐོའི་སྐྱེ་ཁམས་ཞི་མཐུན་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་ཤིང་། མཐོ་ས་ནས་རྣམ་གྲངས་ཁུལ་ལ་རྒྱང་ལྟ་བྱེད་སྐབས། རླུང་ཤུགས་གློག་འདོན་རླུང་འཁོར་དལ་གྱིས་འཁོར་བཞིན་འདུག་ལ། འོད་ཤུགས་པང་ལེབ་སྔོན་པོ་ཉི་འོད་འོག་འོད་ཆེམ་ཆེམ་དུ་འཕྲོ་བས། སྔོ་ཞིང་དྭངས་བའི་ནམ་མཁའ་དང་། སྔོ་ཐིང་ཐིང་གི་རྩྭ་ཐང་། གཅིག་ལ་གཅིག་སྦྲེལ་གྱི་རི་བོ་བཅས་ལས། ཚན་རྩལ་དང་སྐྱེ་ཁམས་ལ་བརྟེན་ནས་འཕེལ་རྒྱས་ལ་རམ་འདེགས་བྱེད་པའི་མཛེས་སྡུག་གི་རྣམ་པ་ཞིག་མངོན་བཞིན་མཆིས།
“ས་མཐོའི་སྤང་རྩྭ་དང་ས་རྒྱུའི་སྐྱེ་ཁམས་ཉམས་ཞན་ཡིན་པས་གཏོར་སྐྱོན་ཕོག་ཚེ་ལོ་བརྒྱ་ཕྲག་ཁ་ཤས་བརྒྱུད་ཀྱང་ཉམས་གསོ་བྱེད་ཁག་པས། སྐྱེ་ཁམས་སླར་གསོ་བྱ་རྒྱུ་དེ་ང་ཚོས་སྒྲུབ་དགོས་ངེས་ཀྱི་ལས་དོན་ཞིག་ཡིན”ཞེས་རྣམ་གྲངས་ཀྱི་འགན་འཁུར་བ་ཀུའོ་ཤིང་ཞང་གིས་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་གི་ལྟེ་བའི་རྩ་དོན་དེ་བཤད། སྐྱེ་ཁམས་ཀྱི་མཐའ་ཚད་ཡག་པོ་སྲུང་ཆེད། རྣམ་གྲངས་ཨར་སྐྲུན་གྱི་བརྒྱུད་རིམ་ཧྲིལ་པོར“གཏོར་སྐྱོན་ཆུང་ཤོས་དང་སྲུང་སྐྱོང་ཆེ་ཤོས”ཀྱི་འདུ་ཤེས་ལ་བསྟུན་ནས་སྤང་རྩྭ་བཀོག་རྗེས་ཡང་བསྐྱར་འདིང་བའི་ལག་རྩལ་གསར་གཏོད་བྱས་ནས་སྤྱོད་པ་དང་། ཨར་སྐྲུན་ཁུལ་ཁོངས་ཀྱི་ས་དང་སྤང་རྩྭ་མཉམ་དུ་བཀོག་ནས་ཆེད་ལས་མི་སྣས་བདག་སྐྱོང་བྱེད་པ། ལས་གྲྭ་ཚར་རྗེས་སླར་ཡང་འདིང་བ་བཅས་བྱས་ཏེ་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་གདོད་མའི་སྔོ་ཁེབས་སྲུང་སྐྱོང་དང་སྔོ་ཁེབས་གསོན་ཚད་འགན་ལེན་བྱེད་ཀྱི་ཡོད།
“ས་གནས་དེ་གའི་མང་ཚོགས་ཀྱིས་ང་ཚོའི་ཨར་ལས་དེ‘ཕར་ཕྱིན་རྒྱག་པ’ལྟར་ཞིབ་ཚགས་པོ་འདུག་ཅེས་བརྗོད་ཀྱི་ཡོད། དེ་ལྟར་ཞིབ་ཚགས་ཀྱི་བྱེད་ཐབས་སྤྱད་པ་བརྒྱུད་ས་མཐོའི་གདོད་མའི་སྐྱེ་ཁམས་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད”ཅེས་ཀའོ་ཤིང་ཞང་གིས་འཛུམ་དམུལ་དམུལ་ངང་བཤད། ཨར་ལས་བྱེད་རིང་། རྣམ་གྲངས་ཀྱིས་དུས་གཅིག་ཏུ་རི་གཟར་བཅོས་སྒྲིག་དང་རྩྭ་སོན་བཏབ་ནས་འབྱུང་རྩ་ནས་ས་ཆུ་ཤོར་རྒྱུ་སྔོན་འགོག་དང་ཐལ་རྡུལ་གྱི་སྦགས་བཙོག་ཚོད་འཛིན་བྱས་ཡོད། རྣམ་གྲངས་བསྐྲུན་རྗེས་འཕྲལ་མར་ཞིབ་ཚགས་ཅན་གྱི་སྐྱེ་ཁམས་སླར་གསོའི་ལས་དོན་སྤེལ་ནས་ཨར་སྐྲུན་འགྲོ་ལམ་སོགས་ས་ཁོངས་ལ་དམིགས་ཏེ་གཏོར་འདེབས་དང་སྐྱེ་དངོས་ཕྲ་རབ་སླར་གསོ་སོགས་སྔོན་ཐོན་ལག་རྩལ་སྤྱད་དེ་སྔོ་འགྱུར་སླར་གསོའི་ལས་གྲྭར་སྐུལ་འདེད་བཏང་སྟེ་ཁུལ་ཁོངས་སུ་སྔོ་ཁེབས་གསོན་ཚད་60%ནས་85%ཡན་བར་མཐོ་རུ་བཏང་བ་དང་ས་ཞིང་བསྐྱར་སྦོལ་བྱེད་ཚད་30%ཙམ་དམའ་རུ་བཏང་བ་རེད།
འབྲོག་པའི་ཐོན་སྐྱེད་དང་། འཚོ་བ། སྐྱེ་ཁམས་སྲུང་སྐྱོང་བཅས་སྤྱི་འདོམས་བྱ་ཆེད། རྣམ་གྲངས་ཀྱིས“རླུང་གློག་ཉོ་སྒྲུབ་དང་འོད་ཤུགས་བོགས་གཏོང”གི་ས་སྤྱོད་བྱེད་ཐབས་སྤྱད་དེ་འབྲོག་པའི་བདེ་རྩར་ཐུག་པའི་ཁེ་ཕན་འགན་ལེན་གང་ལེགས་བྱས་ཡོད། དེ་དང་ཆབས་ཅིག་རྩྭ་ར་ཉམས་གསོར་མུ་མཐུད་སྐུལ་འདེད་གཏོང་བ་དང་ཆར་དུས་སུ་རྩྭ་སོན་གསབ་འདེབས་བྱེད་ཤུགས་ཆེ་རུ་བཏང་སྟེ་རྩྭ་ཐང་གི་སྐྱེ་ཁམས་རིམ་བཞིན་སླར་གསོ་བྱས་ནས་རླུང་འགོག་བྱེ་འཇགས་ཀྱི་སྐྱེ་ཁམས་ནུས་པ་བཏོན་ཡོད། “ང་ཚོས་འོད་ཤུགས་པང་ལེབ་འོག་དང་ས་སྟོང་དུ་རྩྭ་བཏབ་ནས་ཆེད་མངགས་ཕྱུགས་འཚོ་སའི་བགྲོད་ལམ་6བཟོས་ཡོད་ལ། དུས་མཚམས་དབྱེ་ནས་ཕྱུགས་འཚོས་ཏེ‘ས་གཅིག་གཉིས་སྤྱོད་དང་འབྲོག་གློག་གཉིས་ཕན’ཡོང་བ་བྱས་ཡོད” རྣམ་གྲངས་ཀྱི་སྡོད་བྱའི་མི་སྣ་ལུའོ་མུའུ་ཧྲ་ཡིས། གསར་གཏོད་བྱེད་ཐབས་དེས་ནུས་རྒྱུ་གསར་པ་གསར་སྤེལ་དང་སྲོལ་རྒྱུན་འབྲོག་ལས་ཀྱི་ས་སྤྱོད་འགལ་བ་ནུས་ལྡན་ངང་བསལ་ཡོད། གློག་ཤུགས་མཁོ་སྤྲོད་ཐད་གློག་ཁང་གིས“ཉིན་མོར་འོད་ཤུགས་ནས་གློག་གཏོང་བ་དང་། མཚན་མོར་རླུང་ཤུགས་ནས་གློག་གཏོང་བ། ནུས་གསོག་མ་ལག་ཐ་སྐྱོང་ཐུབ་པ”བཅས་ཀྱི་ཉིན་མཚན་ཀུན་གྱི་གློག་གཏོང་མ་ལག་བསྐྲུན་པས་ས་ཁོངས་ཀྱི་གློག་གཏོང་བརྟན་པོ་བྱུང་ནས་ས་མཐོའི་འཕེལ་རྒྱས་ལ་ལྗང་མདོག་གི་སྒུལ་ནུས་བསྣན་ཡོད་ཅེས་ངོ་སྤྲོད་བྱས།
འཁོར་རྒྱུག་ཕྱོགས་སྒྱུར། སྙིགས་རོ་ནོར་བུར་གྱུར་པ་དང་ཐོན་ལས་ལྗང་མདོག་གི་ཁོར་ཡུག་བསྐྲུན་པ།
སྐྱེ་ཁམས་བཅོས་སྐྱོང་ལས་རི་སྔོན་ཆུ་དྭངས་ཀྱི་རྣམ་པ་མངོན་པ་དང་ནུས་རྒྱུ་གཙང་མས་འཕེལ་རྒྱས་ཀྱི་སྒུལ་ཤུགས་ལ་མཐུན་རྐྱེན་སྦྱར། ཐོན་ལས་ཀྱི་ལྗང་མདོག་ཕྱོགས་སྒྱུར་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཐུབ་པའི་འགག་རྩ་ཡིན། ས་སྐྱ་རྫོང་དགེ་སྡིངས་གྲོང་རྡལ་རྡོ་རྒྱུ་གླིང་ཁུལ་གྱིས་ཐོན་ཁུངས་འཁོར་རྒྱུག་ལྟེ་བར་བྱས་ཏེ་རྡོ་རྒྱུ་ལས་སྣོན་དང་། སོ་ཕག་ཐོན་སྐྱེད། ཟེགས་མ་ལས་སྣོན། ཨར་འདམ་ཐོན་སྐྱེད་སོགས་ལྷུ་ཚིགས་སྦྲེལ་མཐུད་ནུས་ལྡན་བྱས་ནས་སྙིགས་རོ་ནོར་བུར་གྱུར་པ་དང་ལྗང་མདོག་ཐོན་ལས་འཁོར་འབྲེལ་གྱི་ལམ་བུ་ཞིག་བཏོད་ཡོད།
སྲོལ་རྒྱུན་གྱི་རྡོ་རྒྱུ་ལས་སྣོན་ལས་ཐོན་པའི་འདམ་ཞོ་དང་། བྱེ་མ། རྒྱུ་ཆ་ལྷག་རོ་སོགས་སྙིགས་རོ་ནི་སྐྱེ་ཁམས་སྦགས་བཙོག་གི་འབྱུང་རྩ་ཡིན་པ་དང་གང་བྱུང་དུ་སྤུངས་ཚེ་ས་བཟུང་བ་དང་། ཐལ་རྡུལ་ཐོན་པ། ས་རྒྱུ་སྦགས་བཙོག་སོགས་ཀྱི་གནད་དོན་ཐོན་གྱི་ཡོད། ས་སྐྱའི་རྡོ་རྒྱུ་གླིང་ཁུལ་དུ་སྙིགས་རོ་ཚང་མ་ཆེད་འཇོག་བྱེད་པས་ཐོན་ཁུངས་ནུས་ཆེའི་ངང་འཁོར་རྒྱུག་དང་སྤྱོད་ཐུབ་ཀྱི་ཡོད། ཐོན་སྐྱེད་ལས་བྱུང་བའི་འདམ་ཞོ་གླིང་ཁུལ་གྱི་བཙོག་ཆུ་གཙང་གསིང་སྒྲིག་ཆས་ཀྱིས་ལོགས་སུ་དབྱེ་ནས་ཐག་གཅོད་བྱས་རྗེས་བྱེ་འདམ་དེ་སོ་ཕག་ཐོན་སྐྱེད་ཀྱི་མ་བཅོས་རྒྱུ་ཆར་བསྒྱུར་བ་དང་ཆུ་དྭངས་མ་དེ་ཐོན་སྐྱེད་བརྒྱུད་རིམ་ལ་སྤྱད་ནས་ཆུའི་ཐོན་ཁུངས་འཕྲོ་བརླག་མི་འགྲོ་བ་བྱེད་ཀྱི་ཡོད། རྡོ་རྒྱུ་ལྷག་མ་རྣམས་རྡོ་ཟེགས་བཟོ་གྲྭར་ལས་སྣོན་ཐེངས་གཉིས་པ་བྱ་རྒྱུར་བསྐྱལ་ནས་ཨར་འདམ་གྱི་རྒྱུ་ཆ་བྱེད་ཀྱི་ཡོད།
འབྱུང་འགྱུར་གླིང་ཁུལ་གྱིས་ཟླུམ་འཁོར་མཉམ་འགུལ་གྱི་འཕེལ་རྒྱས་བྱེད་ཐབས་མུ་མཐུད་ཟབ་ཏུ་གཏོང་བ་དང་། ཐོན་ཁུངས་འཁོར་རྒྱུག་གི་བརྒྱུད་རིམ་ལེགས་སུ་གཏོང་བ། ཁོར་ཡུག་སྲུང་སྐྱོང་གི་ཐོན་སྐྱེད་ལེ་ལག་ཚང་བའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་ཐོན་ལས་ལྗང་མདོག་ཅན་དང་། ཐཱན་ཉུང་ཅན། འཁོར་རྒྱུག་ཅན་བཅས་ཀྱི་ཕྱོགས་སུ་བརྟན་པོའི་ངང་ཕྱོགས་སྒྱུར་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་རེད།
བྱེ་རླུང་གི་གནོད་འཚེ་ལོ་རྒྱུས་སུ་གྱུར་པ་དང་། ལྗང་ནུས་ཕྱུགས་རྩྭ་མཉམ་གནས་མཉམ་དར། བཟོ་ལས་ཀྱི་སྙིགས་རོ་ནོར་བུར་གྱུར་པ་བཅས་བྱུང་ཞིང་། ས་སྐྱ་རྫོང་གིས་བྱ་སྤྱོད་ངོ་མའི་ཐོག་ནས་གངས་ལྗོངས་ས་མཐོར་སྐྱེ་ཁམས་སྲུང་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་མཐུན་སྦྱོར་མདུན་སྐྱོད་ཀྱི་ཁྱད་ལྡན་ལམ་བུར་བསྐྱོད་དེ་ས་མཐོའི་ས་ཁུལ་གྱི་ལྗང་མདོག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གསོན་ཉམས་དོད་པའི་ལག་ལེན་གྱི་ལམ་བུ་ཞིག་མཁོ་འདོན་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།