དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • སྤྱི་ཚོགས་འཕེལ་རྒྱས་ཡར་ངོའི་ཟླ་ལ་འགྲན། སྐྱེ་ཁམས་བཟང་པོ་ས་མཐོའི་མཛེས་རྒྱན་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-05-23

    མིག་སྔར་མཐོ་བརྩོན་ཨར་འདམ་བཟོ་གྲྭའི་ཐོན་སྐྱེད་འཁོར་ཁང་དུ་འཕྲུལ་འཁོར་གྱི་ལྡིར་སྒྲས་ཁེངས་པ་དང་བཟོ་པ་ཚོ་ཕར་འགྲོ་ཚུར་འོང་བྱེད་བཞིན་མཆིས། “‘ལོ་ལྔ་ཚན་བཅོ་ལྔ་པའི’འགོ་ཚུགས་ལོ་དང་ཏག་ཏག་འཁེལ་བས། བོད་ལྗོངས་ཨར་ལས་རྒྱུ་ཆ་ཚོགས་པས་བདེ་འཇགས་མཐའ་ཚད་དུ་བྱས་ཏེ་ཁྲོམ་ར་གསར་འབྱེད་ཤུགས་ཆེན་བྱེད་པ་དང་ཐོན་སྐྱེད་གཉེར་སྐྱོང་ལ་ཤུགས་སྣོན་བརྒྱབ་པས། ཨར་འདམ་སོགས་ཐོན་རྫས་ཀྱི་ཁྲོམ་རའི་དགོས་མཁོ་ཧ་ཅང་ཆེན་པོ་ཡོད”ཅེས་བོད་ལྗོངས་ཨར་ལས་འཛུགས་སྐྲུན་རྒྱུ་ཆ་ཚོགས་པ་ཚད་ཡོད་ཀུང་སིའི་ཚན་རྩལ་པུའུ་ཡི་འབུམ་རམས་པ་མའོ་ཤིན་པོ་ཡིས་ངོ་སྤྲོད་བྱས།

    ད་ཆ་འཁྲུག་ཆ་དོད་པའི་རྣམ་པ་དེ་རིགས་གང་ལྗོངས་ས་མཐོའི་ཡུལ་གྲུ་ཀུན་ཏུ་ས་ཁྱབ་རྡོ་ཁྱབ་ངང་མངོན་ཞིང་། ད་ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོ་ཡིན་པས། དེས་དུས་ཚིགས་དང་པོར་འཕེལ་རྒྱས་ཀྱི་ཡིད་ཆེས་ཆེ་རུ་གཏོང་བ་དང་ཁྲོམ་རའི་སྔོན་དཔག་བརྟན་དུ་གཏོང་རྒྱུར་གལ་འགངས་ཆེན་པོ་ལྡན་ཞིང་། རང་ལྗོངས་ཀྱིས་གཡུར་ཟའི་གྲུབ་འབྲས་ཐོག་ནས་རྒྱང་ལམ་གསར་པར་སྐྱོད་འགོ་ཚུགས་ཡོད།

    ད་ལོའི་དུས་ཚིགས་དང་པོར་བོད་རང་སྐྱོང་ལྗོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་དུས་མཚུངས་ལས་19.8%འཕར་ཏེ། འཕར་ཚད་མུ་མཐུད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ནས། རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་18.1གིས་མཐོ་བ་ཡོད། མི་སེམས་ལ་དེ་བས་སྐུལ་ལྕག་ཐེབས་པ་ཞིག་ནི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་6.1%འཕར་བ་དང་། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་20.5%འཕར་བ། གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་7.5%འཕར་བ་སོགས་དཔལ་འབྱོར་གྱི་དམིགས་ཚད་གཙོ་བོ་8ཀྱི་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ་དེ་ཐོག་ནས། བོད་ཀྱི་འཕེལ་རྒྱས་ནི་རྗེས་སྙེག་འཕེལ་རྒྱས་ནས་ཁྱད་ལྡན་འཕེལ་རྒྱས་ཕྱོགས་སུ་མགྱོགས་མྱུར་སྐྱོད་བཞིན་པ་མཚོན་ཡོད།

    ད་ལོའི་དུས་ཚིགས་དང་པོར་བོད་རང་སྐྱོང་ལྗོངས་ཀྱི་གཙོ་གནད་རྣམ་གྲངས་115ལས་འགོ་བསྐྱར་འཛུགས་ཐུབ་ནས་ལས་འགོ་བསྐྱར་འཛུགས་བྱེད་ཚད་93%ཟིན་ཡོད། གྲངས་གཞི་ལས་མངོན་པར། བོད་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱིས་ལས་དོན་སྔ་ཙམ་ཇུས་འགོད་བྱེད་པ་དང་། དོ་དམ་ནན་དུ་གཏོང་བ། དམ་འཛིན་ཞིབ་ཕྲ་བྱེད་པ། ལྟ་སྐུལ་ནན་པོ་བྱེད་པ་བཅས་ཀྱི་བྱ་སྤྱོད་སྤེལ་ཤུགས་རྒྱུན་འཁྱོངས་བྱས་ཏེ། 《2026ལོའི་བོད་ཀྱི་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་ཀྱི་འཆར་གཞི》དང《2026ལོའི་དུས་ཚིགས་དང་པོའི་བོད་ཀྱི་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་ཀྱི་འགག་སྒྲོལ་བྱ་སྤྱོད་ཇུས་གཞི》བཟོས་ནས་ལག་བསྟར་བྱས་ཁར། གཙོ་གནད་རྣམ་གྲངས་བཀོད་གཏོང་ལམ་སྲོལ་དང་གཙོ་གནད་རྣམ་གྲངས་འགན་ལེན་ལམ་སྲོལ་དོན་འཁྱོལ་ནན་པོ་བྱེད་པ་དང་། གཙོ་གནད་རྣམ་གྲངས་ཀྱི་གཙོ་རྒྱུ་འགན་ལེན་མཐུན་སྦྱོར་ལམ་སྲོལ་འཛུགས་པ། ས་ཆ་དང་། ནུས་རྒྱུ། ཆུ། རྩྭ་ར་བཅས་སྤྱོད་པ་དང་ཁོར་ཡུག་ཚོད་སྐོར་སོགས་ཀྱི་གཙོ་རྒྱུ་ཧྲིལ་པོར་སྤྱི་འདོམས་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ། རྣམ་གྲངས་དོན་འཁྱོལ་གྱི་དཀའ་གནད་སེལ་བ་བཅས་བྱས་ཏེ་གཙོ་གནད་རྣམ་གྲངས་སྤེལ་དགོས་རིགས་སྤེལ་ཐུབ་པའི་འགན་ལེན་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད།

    ས་མཐོའི་རིག་སྐྲུན་གྱི་འགག་རྩ་ནི་ཐོན་སྐྱེད་ནུས་ཤུགས་གསར་མར་ཐུག་ཡོད། བཟོ་སྐྲུན་ལས་རིགས་ཀྱི་30.4%ཡི་འཕར་ཚད་དེ་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་སྤྱི་ཡོངས་ཀྱི་འཕར་ཚད་ལས་ཤུགས་ཆེར་བརྒལ་བ་དེ་ཐོག་ནས་བཟོ་ལས་འཕར་ཚད་དེ་ནུས་རྒྱུ་སྔོག་འདོན་ནས་ལས་སྣོན་བཟོ་སྐྲུན་གྱི་རིམ་པ་མཐོ་འབྲིང་བར་སླེབས་པ་མཚོན་ཡོད། ལྗང་གློག་དེ་ཐོན་ཁུངས་ཀྱི་ལེགས་ཆ་ནས་ཐོན་ལས་ཀྱི་ལེགས་ཆར་འགྱུར་བཞིན་ཡོད་པ་དང་། ལིས་དང་ཟངས་སོགས་ལས་སྣོན་ཞིབ་ཚགས་བྱེད་ནུས་ཀྱང་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། 20.5%ཡི་བཟོ་ལས་འཕར་ཚད་དང་ཟླ་13བསྟུད་མར་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ་དེ་ཐོག་ནས་ཐོན་ལས་འཕོ་འགྱུར་རྒྱུན་མཐུད་གཏིང་ཟབ་ཏུ་འགྲོ་བཞིན་པ་མཚོན་ཡོད། གློག་ཤུགས་དང་། ཚ་ཤུགས། སོལ་རླངས་དང་དེ་བཞིན་ཆུའི་ཐོན་སྐྱེད་དང་མཁོ་སྤྲོད་ལས་རིགས་12.3%འཕར་ནས་ནུས་རྒྱུའི་འཇུར་མིག་མགྱོགས་མྱུར་བསལ་ཡོད།

    དུས་ཚིགས་དང་པོར། བོད་ཀྱི་གྲོང་མི་ཡོངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་6483ཟིན་པ་དེ་དུས་མཚུངས་ལས་7.5%འཕར་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་14553ཟིན་པ་དེ་དུས་མཚུངས་ལས་6.2%འཕར་བ། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་3222ཟིན་ནས་7.8%འཕར་བ། གྲོང་གསེབ་ཀྱི་ཡུལ་མིའི་ཡོང་འབབ་འཕར་ཚད་གྲོང་ཁྱེར་དང་གྲོང་རྡལ་ལས་མགྱོགས་སུ་ཕྱིན་ནས། གྲོང་གསེབ་དེ་འབབ་འཕར་གྱི་འཐབ་སར་གྱུར་པ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཧེ་བག་མགྱོགས་མྱུར་ཆུང་དུ་ཕྱིན་ཏེ། ས་མཐོའི་ཐུན་མོང་འབྱོར་ཕྱུག་གི་ཁྱད་ལྡན་ཐབས་ལམ་འཚོལ་ཞིབ་བྱེད་པར་ལག་ལེན་གྱི་དཔེ་མཚོན་མཁོ་འདོན་བྱས་ཡོད།

    གནའ་གྲོང་ལྷ་སའི་མཐུན་སྒྲིལ་སྤྱི་གླིང་ནི་བཀྲག་མདངས་རབ་ཏུ་འཚེར་བའི་ནོར་བུ་ཞིག་དང་འདྲ་ཞིང་། “རི་བོ་མཐོ་བ་དང་། ཆུ་མོ་དྭངས་བ། སྔོ་ལྗང་གོས་སུ་བཀླུབས་པ། མཚེའུ་ཕན་ཚུན་སྦྲེལ་བ། གྲོང་ཁྱེར་སྣུམ་ཞག་དོད་པ”བཅས་ཀྱི་ཁྱད་ཆོས་ལྡན་པའི་སྤྱི་གླིང་དེར་ཆར་ཆུ་སྙོམས་པ་དང་། ཆུ་རྒྱུན་མི་ཆད་པ། རིག་གནས་མཛེས་ལྗོངས་ལ་རོལ་ཆོག་པ་སོགས་ཀྱི་ནུས་པ་མང་པོ་ལྡན་ཡོད་པ་དང་། དེ་ནི་ལྷ་སའི་གྲོང་ཁུལ་གྱི་ལྟེ་བའི་ཆུའི་མ་ལག་བཅོས་སྐྱོང་རིམ་སྤོར་བྱས་པའི་གསོན་ཉམས་དོད་པའི་ལག་ལེན་ཞིག་ཡིན་ལ། དེ་ལས་བོད་ཀྱིས་རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་གོ་རིམ་ལྡན་པའི་བཅོས་སྐྱོང་ལ་སྐུལ་འདེད་བཏང་བར་ཕན་འབྲས་ཏན་ཏིག་ཐོན་པའང་མཚོན་གྱི་ཡོད།

    “ལོ་ལྔ་ཚན་བཅུ་བཞི་པའི”རིང་། བོད་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་སྐྲུན་པའི་དམིགས་ཚད་གཞི་རྩར་བཟུང་ནས། རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་སླར་གསོར་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་ཞིང་། 2021ལོ་ནས་2024ལོའི་བར་རིམ་རྩིས་བརྒྱབ་ན། གཙོ་གནད་ལས་གྲྭའི་ནགས་བཟོ་ནགས་སྐྱོང་མུའུ་ཁྲི་195.99བྱས་པ་དང་། ཉམས་ཞན་དུ་སོང་བའི་རྩྭ་ཐང་མུའུ་ཁྲི་3035.36སླར་གསོ་དང་། བྱེ་འགྱུར་ས་ཆ་མུའུ་ཁྲི་352བཅོས་སྐྱོང་། ས་ཆུ་ཤོར་བའི་ས་ཆ་སྟོང་སྨི་ངོས་གྲུ་1545.33བཅོས་སྐྱོང་བྱས་ཡོད། དེས་ན། ད་ཆ་བོད་ཡོངས་ཀྱི་རྩྭ་ཐང་དུ་ཕྱོགས་བསྡུས་སྔོ་ལྗང་ཁེབས་ཚད་48.07%བར་མཐོ་རུ་ཕྱིན་པ་དང་། ས་ཆུ་སྲུང་འཛིན་བྱེད་ཚད་92.27%ཟིན་པ། འདམ་རའི་རྒྱ་ཁྱོན་སྤྱིའི་ཆ་ནས་བརྟན་དུ་ཕྱིན་པ། གཙང་པོ་དང་མཚོའི་ཆུ་དྭངས་ཚད་100%ཟིན་ནས། ས་མཐོའི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་དེ་བས་བརྟན་དུ་ཕྱིན་ཡོད་པ་རེད།

    ཆུ་བོ་འབབ་ཁུལ་གཙོ་བོར་དམིགས་ཏེ། བོད་ཀྱིས་ལྷ་ས་སྐྱིད་ཆུ་རྒྱུག་ཁུལ་དང་ཡར་ཀླུང་གཙང་པོའི་ལྷོ་ཁའི་རྒྱུག་ཁུལ་གྱི“རི་ཆུའི་འདུ་འགོད”འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཞིང་། རིམ་རྩིས་བརྒྱབ་ན། ཀྲུང་དབྱང་ནོར་སྲིད་ནས་བྱ་དགའི་ཁ་གསབ་སྒོར་དུང་ཕྱུར་30རག་ཐབས་བྱས་པ་དང་ལྷན་སྦྱར་མ་དངུལ་སྒོར་དུང་ཕྱུར་67.4བསྡུ་སྒྲིལ་བྱས་ཏེ། ཆུ་བོ་རྒྱུག་ཁུལ་གྱི་སྐྱེ་ཁམས་བཅོས་སྐྱོང་ལ་འགན་ལེན་བརྟན་པོ་བྱས་ཡོད།

    བོད་ཀྱི“རི་ཆུའི་འདུ་འགོད”གཉིས་ཀྱི་གྲས་ཤིག་ཡིན་པའི་ལྷ་ས་སྐྱིད་ཆུ་རྒྱུག་ཁུལ་གྱི་རི་ཆུ་ནགས་ཞིང་མཚེའུ་རྩྭ་བཅས་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོའི་ཚོད་ལྟའི་ལས་གྲྭར་མ་དངུལ་སྒོར་དུང་ཕྱུར་58.16བཏང་ནས་སྟོད་རྒྱུད་ཀྱི་ཆུ་རྩ་བསྐྱིལ་གསོག་དང་། དབུས་རྒྱུད་དང་སྨད་རྒྱུད་ཀྱི་ཁོར་ཡུག་བཅོས་སྐྱོང་། ཉེ་འཁོར་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོ་བཅས་ལ་དམིགས་ཏེ། ཤིང་འཛུགས་ནགས་བཟོ་དང་། རྩྭ་བཟོས་ལིང་ཚེའི་བྱེ་འཇགས། ཆུ་རྒྱུན་མི་ཆད་པ་སོགས་ཕྱོགས་བསྡུས་ཀྱི་བཅོས་སྐྱོང་བྱེད་ཐབས་ལག་ལེན་བསྟར་ཞིང་། རིམ་རྩིས་བརྒྱབ་ན། ཤིང་འཛུགས་ནགས་བཟོ་མུའུ་ཁྲི་1.8དང་རྨོ་ཞིང་མུའུ་5700ལྷག་ཙམ་འཕར་བ་དང་། སྔོ་ཁེབས་རྒྱ་ཁྱོན་མུའུ་ཁྲི་0.5ལྷག་ཙམ་སླར་གསོ། ཕན་ཚུན་སྦྲེལ་བའི་ཆུ་རྒྱུན་མུའུ་8900ཙམ་སླར་གསོ་བཅས་བྱུང་ནས། ལྷ་ས་སྐྱིད་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་རྨང་གཞི་རྒྱུན་མཐུད་བརྟན་དུ་ཕྱིན་ཡོད།

    2021ལོར་རྒྱུག་ཁྱོན་མ་དངུལ་སྒོར་དུང་ཕྱུར་39.24བཏང་བའི་ཡར་ཀླུང་གཙང་པོའི་ལྷོ་ཁའི་རྒྱུག་ཁུལ་གྱི་རི་ཆུ་ནགས་ཞིང་མཚེའུ་རྩྭ་བཅས་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོའི་ལས་གྲྭ་ལག་ལེན་བསྟར་བ་རེད། གཙང་པོ་འབབ་ཁུལ་གྱི་སྔོ་ཁེབས་ལ་གཏོར་སྐྱོན་ཕོག་པ་དང་། རྩྭ་ས་ཉམས་ཞན་དུ་སོང་བ། སྐྱེ་དངོས་སྣ་མང་རང་བཞིན་ཉུང་དུ་ཕྱིན་པ། ཆུ་རྩ་བསྐྱིལ་གསོག་གི་ནུས་པ་ཞན་དུ་སོང་བ་སོགས་ཀྱི་སྐྱེ་ཁམས་གནད་དོན་ལ་དམིགས་ཏེ། མ་ལག་རང་བཞིན་དང་རྒྱུ་རྐྱེན་གཙོ་བོ་ཚང་མར་བཅོས་སྒྲིག་བྱས་པ་དང་། རིམ་རྩིས་བརྒྱབ་ན། སྐྱེ་ཁམས་རྒྱ་ཁྱོན་མུའུ་ཁྲི་81.99སླར་གསོ་བྱས་པ་དེའི་ནང་། འདམ་ར་དང་། ནགས་ཚལ། རྩྭ་ཐང་། གཏེར་རི་བཅས་སླར་གསོ་དང་། དེ་བཞིན་ཚད་གཞི་མཐོ་བའི་ཞིང་ཁ་དང་སྐྱེ་ཁམས་ཀྱི་བར་ཁྱམས་འཛུགས་སྐྲུན་སོགས་ཁྱབ་ཁོངས་མང་པོ་ཚུད་ཡོད།

    སྲིད་ཇུས་ཀྱི་ཁེ་སྤོགས་རྒྱུན་མཐུད་ཐོན་པར་བྱས་པས། དམངས་ལ་མིག་མཐོང་ལག་ཟིན་གྱི་ཕན་པ་ཐོབ་ཅིང་། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། བོད་ཀྱིས་ལོ་རེར་ཆ་སྙོམས་ཞིང་འབྲོག་པར་སྐྱེ་ཁམས་ལས་གནས་ཁྲི་44ལྷག་ཙམ་མཁོ་འདོན་བྱས་པ་དང་། རྩྭ་ཐང་དང་སྐྱེ་ཁམས་ཀྱི་ཁ་གསབ་བྱ་དགའི་དངུལ་སྒོར་དུང་ཕྱུར་136.8སྤྲད་པར། ཞིང་འབྲོག་པ་ཁྲི་226.22ལ་ཕན་པ་ཐོབ་པ། ཀྲུང་དབྱང་ནོར་སྲིད་ཀྱི་ནགས་ཚལ་སྐྱེ་ཁམས་ཕན་འབྲས་ཁ་གསབ་དངུལ་སྒོར་དུང་ཕྱུར་51.47དོན་འཁྱོལ་བྱས་པ་དང་མང་ཚོགས་ཁྲི་10.3སྤྱི་ཕན་ནགས་ཚལ་དོ་དམ་སྲུང་སྐྱོང་ལས་དོན་ནང་ཞུགས་པར་སྐུལ་ཁྲིད་བྱས་ཡོད། མི་རིགས་ཁག་གི་མང་ཚོགས་ཚོ་སྔོ་ལྗང་ལ་སྲུང་སྐྱོང་བྱེད་པའི་ཁྲོད་འབབ་འཕར་ཕྱུག་འགྱུར་བྱུང་ནས“སྐྱེ་ཁམས་སྲུང་སྐྱོང་བ”ནས“ཁེ་སྤོགས་མཉམ་དུ་སྤྱོད་མཁན”ལ་གྱུར་ཡོད།

    འགོ་འཛུགས་ས་གསར་པར། བོད་ཀྱིས་སྐྱེ་ཁམས་སྲུང་སྐྱོང་གི་མཐའ་ཚད་བརྟན་པོར་བསྲུངས་ནས། རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་སླར་གསོར་མུ་མཐུད་སྐུལ་འདེད་གཏོང་རྒྱུ་དང་། གངས་ལྗོངས་ས་མཐོའི་རྩྭ་རྩི་ཤིང་དང་རི་ཆུ་ཀླུང་གསུམ་ལ་སྲུང་སྐྱོང་བྱས་ནས་སྔོ་ཞིང་དྭངས་པའི་རི་ཆུ་ནམ་ཡང་གནས་པ་དང་སྐྱེ་ཁམས་ལས་བྱུང་བའི་བདེ་རྩ་མུ་མཐུད་ཆེ་རུ་གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།