བོད་ལྗོངས་གནམ་མཚོའི“དར་ཁ་ཕྱེ་བའི་ཉིན་མོར”སྐྱེ་ཁམས་ཀྱི་གཞི་མདངས་ལས་རིག་གནས་ཡུལ་སྐོར་གྱི་བཀྲག་མདངས་འཚེར་བ།

འདི་ནི་གངས་འཁྱག་བཞུར་ཟིན་པའི་གནམ་མཚོ་ཡིན་པ།
ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་5ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་19ཉིན་ནི“ཀྲུང་གོའི་ཡུལ་སྐོར་ཉིན་མོ”ཡིན་ཞིང་། 2026ལོའི“གངས་ལྗོངས་གནའ་གྲོང་། གནས་མཆོག་ལྷ་ས”ཞེས་པའི་རིག་གནས་དང་ཡུལ་སྐོར་དུས་ཆེན་ཏེ། གནམ་མཚོའི་དར་ཁ་ཕྱེ་བའི་མཛད་སྒོ་འཚོགས་པ་རེད། བྱེད་སྒོ་སྤེལ་ཡུལ་དུ་མགྲོན་བསུའི་རྡོ་གཉིས་དལ་བུར་ཕྱོགས་གཅིག་ཏུ་སྒྲིལ་ཞིང་། དེའི་བཟོ་དབྱིབས་ནི་གནམ་མཚོའི་བཀྲ་ཤིས་ཕྱེད་གླིང་གི་ཐུན་མོང་མ་ཡིན་པའི་བྲག་རྡོའི་མཛེས་ལྗོངས་ཏེ་ཐལ་མོ་སྦྱར་བའི་དབྱིབས་ཀྱི་བྲག་རྡོ་ལས་བྱུང་བ་ཞིག་རེད།
གནམ་མཚོའི་མཚོ་ངོས་ས་བབ་ལ་སྨི་4718ཡོད་པ་དང་། “མཚོ་བབ་ཧ་ཅང་མཐོ་བས་ནམ་མཁའི་དབྱིངས་སུ་འཕྱང་བ་དང་འདྲ་བས་ང་ཚོས‘གནམ་མཚོ’ཞེས་འབོད་ཀྱི་ཡོད”ཅེས་འདམ་གཞུང་རྫོང་གནམ་མཚོ་གྲོང་རྡལ་དག་པོ་གྲོང་ཚོའི་གྲོང་མི་ཀུན་བཟང་རྡོ་རྗེས་བཤད། ཟླ་ལྔ་པ་སླེབས་རིམ་བཞིན་མཚོ་ངོས་ཀྱི་དར་ཁ་རིམ་གྱིས་ཞུ་ཡི་ཡོད་པས། ཐུན་མོང་མ་ཡིན་པའི་ས་མཐོའི་རང་བྱུང་མཛེས་ལྗོངས་དེ་ལ་ས་གནས་དེ་གའི་མང་ཚོགས་ཀྱིས“དར་ཁ་ཕྱེ་བ”ཞེས་འབོད་ཀྱི་ཡོད།
“དར་ཁ་ཕྱེ་བའི”དུས་ཚིགས་ནི་གནམ་མཚོའི་ལོ་གཅིག་གི་ཡིད་དབང་འཕྲོག་ཤོས་ཀྱི་ཡུལ་སྐོར་དུས་ཚིགས་ཤིག་རེད། “ལྷ་ས་ནས་ཆེད་མངགས་གནམ་མཚོའི‘དར་ཁ་ཕྱེ་བའི’མཛེས་ལྗོངས་ལ་ལྟ་བར་ཡོང་བ་ཡིན། གནམ་མཚོའི་མཛེས་ལྗོངས་ཁུལ་ཉེ་འགྲམ་གྱི་གསོལ་མགྲོན་ཁང་ལ་ད་དུང་གསོ་རླུང་མཁོ་འདོན་སྒྲིག་ཆས་བསྒར་འདུག་པས་བསམ་ཚོད་ལས་སྐྱིད་སྣང་དོད་པ་འདུག”ཅེས་སི་ཁྲོན་ནས་ཡོང་བའི་ཡུལ་སྐོར་བ་ཀྲའོ་ཡུས་ཀྱིས་བཤད་ཅིང་། ཁོང་གིས་ད་དུང་བོད་ཆས་གྱོན་ནས་པར་བརྒྱབ་པ་རེད།
འདམ་གཞུང་རྫོང་རིག་གནས་དང་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་ཝང་ཁྲའོ་ཡུས་ཀྱིས་གསར་འགོད་པར་བརྗོད་དོན། ཉིན་རེ་བཞིན་འཐུས་སྒོ་ཚང་དུ་འགྲོ་བའི་འགྲིམ་འགྲུལ་ཆ་རྐྱེན་དང་། གསོ་རླུང་མཁོ་འདོན་སྒྲིག་བཀོད། སྣ་མང་ཞག་སྡོད་གདམ་ག་བཅས་ལས་ཡུལ་སྐོར་བ་སྔར་བས་མང་པོ་གནམ་མཚོར་བསྐྱོད་ནས་ས་མཐོའི“དར་ཁ་ཕྱེ་བའི”མཛད་སྒོ་སོགས་ཐུན་མོང་མ་ཡིན་པའི་དམངས་སྲོལ་རིག་གནས་ཉམས་ལེན་བྱེད་འདོད་བྱེད་ཀྱི་ཡོད། 2026ལོའི“ལྔ་གཅིག”གུང་གསེང་རིང་གནམ་མཚོ་མཛེས་ལྗོངས་ཁུལ་གྱི་སྒོ་འཛིན་དང་གཟིགས་འཁོར་གྱི་ཡོང་འབབ་སྒོར་ཁྲི་140ཟིན་པ་དེ་དུས་མཚུངས་ལས་44.8%འཕར་ཡོད།
2018ལོར་གནམ་མཚོའི་མཛེས་ལྗོངས་ཁུལ་དུ“མཚོ་རྒྱ་བསྡམས”པའི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་སྤེལ་ནས་ས་ཁོངས་སྲིད་གཞུང་དང་རང་འགུལ་ངང་འབྲེལ་མཐུད་བྱས་ཏེ་སྐྱེ་ཁམས་ལྟེ་བའི་ཁུལ་གྱི་ཚོང་དུད་107དང་། འབྲོག་དུད་31 གནས་སྐབས་ཁྲོམ་བཀྱག་45བཅས་གནས་སྤོ་བྱས་པ་དང་སྦྲགས་འབྲེལ་ཡོད་གཉེར་སྐྱོང་དང་གནས་སྡོད་བྱེད་པོ་གནམ་མཚོ་གྲོང་རྡལ་གྱི་གཅིག་སྡུད་གནས་འཕྲོད་ལེ་ལག་ཚང་བའི་ཡུག་ཁུལ་དུ་གཅིག་གྱུར་བཀོད་སྒྲིག་བྱས་ཡོད། དེ་རྗེས་མཛེས་ལྗོངས་ཁུལ་གྱིས་ད་དུང་གློག་སྒུལ་གཟིགས་འཁོར་གྱིས་གཅིག་གྱུར་སྐྱེལ་བསུ་བྱེད་པ་ཁྱབ་གདལ་བཏང་བས་སྒེར་འཁོར་ལྟེ་བའི་མཚོ་ཁུལ་དུ་བསྐྱོད་པར་གཏན་འགོག་བྱས་ཏེ་རྩྭ་ཐང་རྫིས་པ་དང་མཇུག་རླངས་ཀྱི་སྦགས་བཙོག་སོགས་ཀྱི་གནོད་འཚེ་ཆུང་དུ་གཏོང་གང་ཐུབ་བྱས་ཡོད།
སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་ཕྱིན་པ་དེས་ཡུལ་སྐོར་འཕེལ་རྒྱས་ལ་གཏིང་ཤུགས་དེ་བས་ཆེན་པོ་གསོག་འཇོག་བྱས་པ་དང་སྲུང་སྐྱོང་དང་འཕེལ་རྒྱས་དབར་རིམ་བཞིན་འཁོར་རྒྱུག་བཟང་པོ་ཞིག་ཆགས་ཡོད། 2018ལོ་ནས་2023ལོ་བར་སྲིད་གཞུང་གིས་ལོ་ལྟར་གནས་སྤོས་ཡུལ་མིར་སྐྱིན་གསབ་དངུལ་སྤྲད་དེ་ཁོང་ཚོའི་བར་བརྒལ་རིང་གི་འཚོ་བ་བརྟན་པོ་ཡོང་བའི་འགན་ལེན་བྱས་ཡོད་ལ། མང་ཚོགས་ཚོར་སྐྱེ་ཁམས་སྲུང་སྐྱོང་བྱེད་རིང་གི་འཚོ་བར་སེམས་ཁྲལ་མེད་པ་བྱས་ཡོད།
ཉེ་བའི་ལོ་ཤས་རིང་། ས་གནས་དེ་གས་དམངས་སྲོལ་རིག་གནས་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་ཏེ། མཚོ་སྐོར་དམངས་སྲོལ་གནས་ཚང་དང་། ཡུལ་སྐོར་པར་རྒྱག ཁྱད་ལྡན་བཟའ་བཏུང་སོགས་ལས་རྣམ་གསར་པ་སྐྱེད་སྲིང་བྱས་པ་དང་། རིག་གནས་ཡུལ་སྐོར་གྱི་དམངས་ཕྱུག་ཐོན་ལས་འཁོར་འབྲེལ་སྣུར་སྲིང་བྱས་པས། འབྲོག་པར་སྒོ་འགྲམ་ནས་ཡུལ་སྐོར་གྱི་ཡོང་འབབ་རག་ཐུབ་ཡོད། གནམ་མཚོའི་མཛེས་ལྗོངས་ཁུལ་གྱི་སྡེ་ལས་དོ་དམ་ལྟེ་གནས་ཀྱི་གཙོ་གཉེར་གཞོན་པ་རྡོ་རྗེ་ཡིས་ངོ་སྤྲོད་བྱས་པར། 2025ལོར་ལྷ་ས་གནམ་མཚོའི་མཛེས་ལྗོངས་ཁུལ་སྲུང་སྐྱོང་གསར་སྤེལ་ཚད་ཡོད་ཀུང་སིས་གནམ་མཚོ་གྲོང་རྡལ་མི་དམངས་སྲིད་གཞུང་དང་ལོ་10ཡི་མཉམ་ལས་གན་རྒྱ་བཞག་ནས་ལོ་ལྟར་དག་པོ་གྲོང་ཚོ་དང་གནམ་མཚོ་གྲོང་ཚོར་ཁེ་སྤོགས་བགོ་བཤའ་རྒྱག་གི་ཡོད། ལོ་དེར་ཁེ་སྤོགས་བགོ་བ་དང“ནོར་དང་རྟ་ཁྲིད་པར”ཁྱོན་སྒོར་ཁྲི་950བགོ་བཤའ་བརྒྱབ་ནས་གྲོང་ཚོ་གཉིས་ཀྱི་མང་ཚོགས་ལ་མི་རེའི་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་3000ལྷག་ཙམ་མང་དུ་འགྲོ་བར་སྐུལ་ཁྲིད་བྱས་ཡོད།
ནམ་མཁའ་གཡའ་དག་ཅིང་གངས་རི་ར་བས་བསྐོར་བའི་གནམ་མཚོས་མཛེས་སྡུག་ལྡན་པའི་སྐྱེ་ཁམས་རྨང་གཞིར་བྱེད་པའི་ཐོག་རིག་གནས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་བཀྲག་མདངས་འཚེར་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།