དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • མཚོ་བོད་ཐད་རྒྱུག་གི་དུས་ཐེངས་གཉིས་པའི་རྒྱས་སྐྲུན་ལས་གྲྭའི་ཕན་ནུས་རྒྱུན་མཐུད་ཐོན་པ།

    བོད་ལྗོངས་ས་མཐོའི་ལྗང་མདོག་འཕེལ་རྒྱས་ལ་རམ་འདེགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-21

    འདི་ལོའི་དུས་ཚིགས་དང་པོར། ཆན་ཧྥུའུ་±400ཡི་མཚོ་བོད་ཐད་རྒྱུག་གི་དུས་ཐེངས་གཉིས་པའི་རྒྱས་སྐྲུན་ལས་གྲྭའི་ཕན་ནུས་རྒྱུན་མཐུད་ཐོན་ཏེ། བོད་ལ་གློག་ཆུ་ཚོད་ཆན་ཝ་དུང་ཕྱུར་14.3བཏང་བ་དེ་དུས་མཚུངས་ལས་བཅུ་ཆ་ལྔ་ལྷག་ཙམ་འཕར་ནས་བོད་ཀྱི་དགུན་དུས་དང་དཔྱིད་དུས་ཀྱི་གློག་ཤུགས་མཁོ་འདོན་ལ་འགན་ལེན་ནུས་ལྡན་ཐུབ་ཡོད། 2025ལོའི་ཟླ་9ཚེས་28ཉིན་ནས་བཟུང་ལས་གྲྭ་དེས་གློག་བཏང་ནས་དུས་ཚིགས་དང་པོའི་དུས་མཇུག་བར་རིམ་རྩིས་བརྒྱབ་ན། བོད་ལ་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་21.2ལྷག་ཙམ་ཟིན་པ་དང་དུས་མཚུངས་བོད་ཀྱི་ཆུ་གློག་ལྷག་མ་ཆུ་ཚོད་ཆན་ཝ་དུང་ཕྱུར་3.9ཕྱིར་གཏོང་བྱས་པ་དེས་གློག་མཁོ་ཆེ་བའི་ས་ཁུལ་གྱི་རྡོ་སོལ་གློག་གཏོང་གི་ཚབ་ནུས་ལྡན་ཐུབ་ནས་ས་ཁོངས་ཀྱི་མཁའ་རླུང་སྤུས་ཚད་ལེགས་སུ་གཏོང་བ་དང་ས་མཐོའི་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་སྲུང་སྐྱོང་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་བོད་ཐད་རྒྱུག་དུས་ཐེངས་གཉིས་པའི་རྒྱས་སྐྲུན་ལས་གྲྭས་གློག་རྒྱུན་སྒྱུར་ཆས་མཉམ་མཐུད་ལག་རྩལ་ཐོག་མར་སྤྱད་པ་དེ་ལས་བོད་དང་མཚོ་སྔོན་དབར་གྱི་གློག་གཏོང་ནུས་པ་ཆན་ཝ་ཁྲི་60ནས་ཆན་ཝ་ཁྲི་120བར་ལྡབ་འཕར་ཡོང་རྒྱུ་དང་། བོད་ཀྱི་ལོ་འཁོར་མོའི་ནུས་རྒྱུ་གཙང་མའི་གློག་ཕྱིར་གཏོང་བྱེད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་21བར་མཐོ་རུ་འགྲོ་རྒྱུ་རེད། དེ་དང་ཆབས་ཅིག་ཐད་རྒྱུག་འཁོར་རྒྱུག་བྱེད་སྟངས་དེ་སྣ་ཁ་45ནས་117བར་མང་དུ་ཕྱིན་པ་དང་། ལས་གྲྭ་འཁོར་སྐྱོད་བབ་བསྟུན་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ། བོད་ཀྱི་གློག་ཤུགས་འགན་ལེན་གྱི་མཁོ་སྤྲོད་ནུས་པ་ཆེ་རུ་ཕྱིན་པ་མ་ཟད། ནུས་རྒྱུ་གཙང་མ་ཁྱབ་ཁོངས་ཆེན་པོའི་ནང་བཀོད་སྒྲིག་ཡག་པོ་ཐུབ་པར་དེ་བས་སྐུལ་མ་ཐེབས་ནས་འགྱུར་རྡོའི་ནུས་རྒྱུ་ཟད་གྲོན་དང་ཐཱན་ཕྱིར་འབུད་ཉུང་དུ་ནུས་ལྡན་ཕྱིན་ཏེ། མཚོ་བོད་ས་མཐོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་འདེགས་སྐྱོར་བརྟན་པོ་བྱུང་ཡོད།



    འགན་འཁུར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།