དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • རྩི་ཤིང་སྐྱེ་འཚར་བཟང་བའི་འདམ་ར་ན། འདབ་ཆགས་ཅི་དགར་རོལ་བའི་རྣམ་པ་མཛེས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-20

    འདམ་ར་ནས་པར་བླངས་པའི་ཕོ་བྲང་པོ་ཏ་ལ།

    འདམ་རའི་ནང་གི་ཆུ་བྱ།

    འདམ་རར་འཆམ་འཆམ་ལ་འགྲོ་མཁན་མང་ཚོགས།

    འཛམ་གླིང་ཐོག་ས་བབ་མཐོ་ཤོས་དང་། རྒྱལ་ནང་གི་རྒྱ་ཁྱོན་ཆེ་ཤོས། གྲོང་ཁྱེར་དུ་ཆགས་པའི་རང་བྱུང་འདམ་ར་བཅས་ཡིན་པའི་ལྷ་ཀླུ་འདམ་རར“ལྷ་སའི་གློ་བ”ཞེས་གྲགས།

    ལྷ་ཀླུ་འདམ་རར་སྐྱོད་སྐབས་པིར་གྱིས་བྲིས་པ་ལྟར་གྱི་ཡུལ་ལྗོངས་ཀྱིས་ཡིད་དབང་རབ་ཏུ་འཕྲོག་ཅིང་། འདམ་ར་ནས་རྩྭ་རྩི་ཤིང་གི་དྲི་བསུང་འཐུལ་བ་དང་བྱ་རིགས་ཀྱི་སྐད་སྙན་སྣ་ཚོགས་ཐོས་པ་ལས་མི་རྣམས་ལ་ལུས་བདེ་སེམས་སྐྱིད་ཀྱི་སྣང་བ་ཞིག་ངང་གིས་སྟེར་འོང་། ལྗོངས་གཟིགས་སྒང་ནས་བལྟས་ཚེ། མཚེའུའི་ནང་གི་ཉ་རིགས་དང་འདབ་ཆགས་རྩེད་འཇོར་ཅི་དགར་རོལ་བ་དང་། ཐག་རིང་དུ་ཕོ་བྲང་པོ་ཏ་ལ་གཡའ་དག་པའི་ཨ་སྔོན་འོག་དེ་བས་བརྗིད་ཉམས་ལྡན།

    ལྷ་སའི་བྱང་རི་ནས་རྒྱང་ལྟ་བྱེད་སྐབས་རི་གཤམ་གྱི་འདམ་རའི་རྩྭ་རྩི་ཤིང་སྐྱེ་འཚར་ལེགས་པ་དང་ཆུ་བྱ་ཅི་དགར་ལྡིང་བའི་མཛེས་པ་ཡོངས་སུ་མཐོང་ཐུབ། སྐབས་དེར་གསར་འགོད་པས་ལྷ་ས་ལྷ་ས་སྐྱིད་པ། དེ་ལས་ལྷ་ཀླུ་སྐྱིད་པ་ཞེས་པའི་དམངས་གཞས་དེ་ལྷང་ལྷང་དུ་དྲན་བྱུང་། ལྷ་ཀླུ་འདམ་ར་ནི་དཔེ་མཚོན་གྱི་མཚོ་བོད་ས་མཐོའི་འདམ་ར་ཞིག་ཡིན་ཞིང་། འདམ་ར་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་བར། འདམ་རའི་སྤྱིའི་སྲུང་སྐྱོང་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་12.2ཟིན་པ་དང་། གལ་སྲིད་འདམ་ར་ཧྲིལ་པོར་རྐང་ཐང་མར་འཆམ་འཆམ་དུ་སྐྱོད་ཚེ་སྤྱི་ལེ་15ཙམ་བསྐྱོད་དགོས་པ་དང་ཆུ་ཚོད་ལྔ་ཙམ་འགོར་གྱི་ཡོད། ཡུལ་སྐོར་བ་ཨ་ཅག་ཀྲང་ལགས་ཀྱིས་འདམ་རའི་ངོ་མཚར་མཛེས་ལྗོངས་པར་ལེན་བྱེད་བཞིན་དུ“ལྷ་ས་གྲོང་ཁུལ་དུ་འདམ་ར་ཆེན་པོ་འདི་འདྲ་ཞིག་ཡོད་པ་བསམ་ཡུལ་ལས་འདས་སོང་། དེ་གར་མཁའ་རླུང་གཙང་ལ་འདབ་ཆགས་སྣ་ཁ་མང་བ་དང་ལྗོན་ཤིང་སྐྱེ་འཚར་བཟང་བས་སེམས་པ་ལྷོད་ཤིག་ཤིག་ཏུ་གྱུར་ནས་དེ་རིང་ངས་པར་ཆས་ནང་འདམ་རའི་མཛེས་པ་ཡོངས་རྫོགས་པར་ལེན་བྱེད་ཐུབ་ན་ཅི་མ་རུང་སྙམ་བྱུང”ཞེས་བཤད།

    བོད་ལྗོངས་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་གལ་ཆེན་ཞིག་དང་། ལྷ་ཀླུ་འདམ་ར་ནི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ཞིག་ཡིན་པའི་ངོས་ནས། གནམ་གཤིས་ཀྱི་དྲོད་ཚད་སྙོམས་སྒྲིག་དང་། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་སོགས་ཀྱི་ཐད་ལ་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་ནུས་པ་ཐོན་ལ། མཚོ་བོད་ས་མཐོའི་བརླན་སའི་ཁོངས་སུ་གཏོགས་ཤིང་། རྩྭ་ཆུ་བཟང་བར་བརྟེན་དབྱར་དགུན་གྱི་དུས་སུ་བྱ་ངང་སེར་དང་། ཁྲུང་ཁྲུང་མགོ་ཁྲ། ཆུ་སྐྱར་མགོ་ཁྲ། ཅོ་ག་སོགས་འདབ་ཆགས་རིགས་མང་པོ་དེ་གར་དགུན་སྒྲོལ་བྱེད་པར་ཡོང་གི་ཡོད། ལྷ་ཀླུ་འདམ་ར་དང་དེའི་མཐའ་འཁོར་གྱི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་གི་རྣམ་གྲངས་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པ་ལག་བསྟར་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་མཚོན་ཚུལ་ཞིག་དང་། བོད་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ལ་སྐུལ་འདེད་ཏན་ཏིག་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག ཁོར་ཡུག་སྲུང་སྐྱོང་གི་སྤྱི་ཕན་རང་བཞིན་གྱི་རྣམ་གྲངས་གལ་ཆེན་ཞིག་བཅས་ཡིན་ལ་དེའང་གྲོང་མིའི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད།

    ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་ཀྱིས་རིམ་རྩིས་བརྒྱབ་ན་སྒོར་དུང་ཕྱུར་8.5བཏང་ནས་སྔ་རྗེས་སུ་དུས་ཐེངས་དང་པོ་ནས་བཞི་པའི་བར་གྱི་སྲུང་སྐྱོང་ལས་གྲྭ་ལག་བསྟར་བྱས་པ་སྟེ། ས་ཆུ་སྲུང་འཛིན་དང་། སྐྱེ་ཁམས་གནས་སྤོས། ཆུ་རྒྱུད་འབྲེལ་མཐུད་བཅས་བྱས་པ་མ་ཟད། ད་དུང་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་ས་ཚིགས་12བསྐྲུན་ནས་གྲོང་མི་དང་སློབ་ཕྲུག་ལ་འདམ་རའི་ཚན་རིག་ཤེས་བྱ་ཁྱབ་གདལ་དང་རང་བྱུང་ཁམས་ལ་ཤེས་རྟོགས་བྱེད་པའི་སློབ་གསོའི་བྱེད་སྒོ་སྤེལ་ནས་སྐྱེ་ཁམས་སྲུང་སྐྱོང་ནང་དམངས་ཡོངས་ཞུགས་པར་སྐུལ་འདེད་ཀྱང་བཏང་ཡོད། “གནམ་གཤིས་ལེགས་པའི་སྐབས་སུ་ངས་ཕྲུ་གུ་ཁྲིད་དེ་འདམ་རའི་སྤྱི་གླིང་དུ་འཆམ་འཆམ་ལ་ཡོང་གི་ཡོད། ལྗོངས་གཟིགས་སྒང་ནས་འདབ་ཆགས་སྣ་ཚོགས་དང་རྩྭ་རྩི་ཤིང་ལ་ལྟ་བཞིན་དེ་གའི་མཛེས་པར་མྱོང་རོལ་བྱེད་པ་ནི་དངོས་འབྲེལ་རང་བྱུང་ཁམས་ཤེས་རྟོགས་དང་སྤྲོ་གསེང་བྱེད་རྒྱུ་གཉིས་ཀ་མ་འཕྱུག་པའི་བྱ་བ་ཞིག་རེད་འདུག”ཅེས་གྲོང་མི་ལྷ་མོས་མྱོང་ཚོར་ཟབ་མོས་དེ་ལྟར་བཤད།

    ལྷ་ས་གྲོང་ཁྱེར་གྱིས་སྐྱེ་ཁམས་སྲུང་སྐྱོང་གི་གྲུབ་འབྲས་གྲོང་མི་དང་མཉམ་སྤྱོད་བྱེད་པའི་སྐྱེ་ཁམས་འཕེལ་རྒྱས་ཀྱི་འདུ་ཤེས་ལག་བསྟར་གཏིང་ཟབ་བྱས་པ་དང་། བྱ་ཐབས་སྣ་མང་སྤྱད་ནས་འདམ་ར་སྲུང་སྐྱོང་ལས་དོན་སྤེལ་ཁར། སྔ་རྗེས་སུ་མ་དངུལ་འབོར་ཆེན་བཏང་ནས་ཆུ་འདྲེན་རྣམ་གྲངས་ཀྱང་ལག་བསྟར་བྱས་ཡོད། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ལས་དོན་རབ་དང་རིམ་པ་སྤེལ་བ་དང་། ལྷག་པར་དུ། དུས་ཐེངས་བཞི་ཡི་སྲུང་སྐྱོང་ལས་གྲྭ་ལག་ལེན་བསྟར་ཚུན། ལྷ་ཀླུ་འདམ་རའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་དོ་དམ་བྱེད་ནུས་དེ་བས་ཆེ་རུ་ཕྱིན་པ་དང་། ཆུ་རྩྭ་གསོ་འཁྱོངས་བྱེད་ནུས་ཆེ་རུ་ཕྱིན་པ། ས་རྒྱུ་བྱེ་འགྱུར་གྱི་སྣང་ཚུལ་ལ་ཚོད་འཛིན་ནུས་ལྡན་ཐུབ་པ། སྐྱེ་ཁམས་མ་ལག་གི་ནུས་པ་སླར་གསོ་ཤུགས་ཆེན་ཐུབ་སྟེ། ལྷ་ཀླུ་འདམ་རའི་སྐྱེ་ཁམས་དང་སྤྱི་ཚོགས་ཀྱི་ཕན་ནུས་དེ་བས་ལེགས་པའི་སྒོ་ནས་འདོན་བཞིན་ཡོད།

    ལྷ་ཀླུ་འདམ་ར་དེ་2005ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནང་བཅུག་པ་དང་། 2001ལོ་ནས་ད་བར་རྒྱལ་ཁབ་ཀྱིས་མ་དངུལ་འབོར་ཆེན་བཏང་ནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་སྲུང་སྐྱོང་ལས་དོན་སྣ་ཚོགས་སྤེལ་ཡོད། 2020ལོ་ནས་དངོས་སུ་ཕྱི་ཕྱོགས་ལ་སྒོ་མོ་ཕྱེ་ཡོད།

    (གསར་འགོད་པ་བསོད་བདེ་གཞོན་པ)

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།