དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • དགུན་དུས་བོད་དུ་ཡུལ་སྐོར་བྱེད་མཁན་མང་དུ་འགྲོ་དོན་གང་ཡིན་ནམ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-05-15

    འདི་ནི་2026ལོའི་ཟླ་2ཚེས་18ཉིན་པར་བརྒྱབ་པའི་ཞོགས་པའི་ཉི་ཟེར་ཁྲོད་ཀྱི་ཕོ་བྲང་པོ་ཏ་ལ་ཡིན་པ།

    འདི་ནི་2024ལོའི་ཟླ་12ཚེས་14ཉིན་ཡུལ་སྐོར་བས་ཇོ་མོ་གླང་མའི་མདུན་དུ་དྲན་རྟེན་པར་རྒྱག་བཞིན་པ།

    གངས་ལྗོངས་ས་མཐོའི་ངོ་མཚར་ཆེ་བའི་རི་ཆུ་དང་ཐུན་མོང་མ་ཡིན་པའི་མི་ཆོས་རིག་གནས་ཀྱིས་བོད་ལྗོངས་འདི་ཉིད་མི་རྣམས་ཀྱིས་ཡིད་སྨོན་བྱེད་སའི་ཡུལ་སྐོར་གནས་མཆོག་ཅིག་ཏུ་གྱུར་ཡོད། ལོ་རེའི་ཟླ་དང་པོ་ནས་གསུམ་པའི་བར་ལ་དགུན་ཁ་འཁེལ་ནས་ས་མཐོའི་གནམ་གཤིས་བལྟོས་བཅས་ཀྱིས་ཅུང་གྲང་བའི་སྐབས་ཡིན་པས། མི་མང་པོ་ཞིག་བོད་ལ་འགྲོ་འདོད་བྱེད་ཀྱི་མེད་པར་བརྟེན་དུས་ཚིགས་དེར་བོད་དུ་ཡུལ་སྐོར་ལ་འོང་མཁན“ཉུང་ཤོས”རེད།

    འོན་ཀྱང་གནས་ཚུལ་དེར་འགྱུར་ལྡོག་འགྲོ་མུས་ཡིན་པ་སྟེ། འདི་ལོའི་ཟླ་དང་པོ་ནས་གསུམ་པའི་བར། བོད་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་619.33ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་30%ཡན་འཕར་བ་དང་། བོད་ཀྱི་Aརིམ་པའི་མཛེས་ལྗོངས་ཁུལ་211གིས་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་དུས་མཚུངས་ལས་33.78%འཕར་བ། གཞུང་ལམ་གྱིས་འགྲུལ་པ་དབོར་ཚད་དུས་མཚུངས་ལས་12.3%འཕར་བ། དམངས་སྤྱོད་མཁའ་འགྲུལ་གྱིས་འགྲུལ་པ་དབོར་ཚད་མི་ཐེངས་ཁྲི་193.4ཟིན་པ་དེ་དུས་མཚུངས་ལས་15.2%འཕར་བ་བཅས་རེད།

    འགྱུར་ལྡོག་དེ་འདྲ་ཡོང་བའི་ཐད་ལ་གསར་འགོད་པས་བཅར་འདྲི་དང་བརྟག་ཞིབ་བྱེད་སྐབས་འགག་རྩ་ནི་མིར་ཐུག་ཡོད་པའི་མྱོང་ཚོར་ཟབ་མོ་བྱུང་།

    མི་ནི་ཐོན་སྐྱེད་ནུས་ཤུགས་ཁྲོད་ཀྱི་རྒྱུ་རྐྱེན་གཙོ་བོ་དང་སྟོབས་ཤུགས་གཙོ་བོ་རེད། མི་རྣམས་ཀྱིས“ཐོག་མའི་མི་འདང་ས”ཁ་གསབ་དང་ཁྱད་བསད་ཧུར་ཐག་བྱས་ནས་བོད་ཀྱི་དགུན་དུས་ཡུལ་སྐོར་ཁྲོམ་རར་རྨང་གཞི་མུ་མཐུད་བརྟན་པོ་བཏིང་སྟེ་ཡུལ་སྐོར་བ་དེ་བས་མང་བ་དངོས་སུ་གངས་ལྗོངས་ས་མཐོར་ཡོང་ནས་དགུན་ཁའི་བོད་ལྗོངས་དང་ལས་འབྲེལ་ཡོང་བའི་བློ་འགུགས་ཐབས་བྱས་ཡོད། གངས་རིའི་རྩེ་མོར་ཉི་འོད་འཕྲོ་བར་ལྟ་བ་དང་། ལྷ་སའི་ཁྲོམ་གཞུང་དུ་ཇ་མངར་མོ་འཐུང་བ། ལུས་ལ་བོད་ཆས་གྱོན་ནས་དྲན་རྟེན་པར་རྒྱག་པ་སོགས་དགུན་དུས་བོད་ལ་ཡུལ་སྐོར་བྱེད་པའི་ཡིད་དབང་འཕྲོག་ཤུགས་དེ་དག་ལ་མི་དེ་བས་མང་བས་ཤེས་རྟོགས་དང་མྱོང་རོལ་བྱེད་བཞིན་ཡོད།

    དགུན་དུས་བོད་དུ་ཡུལ་སྐོར་བྱེད་མཁན་མང་དུ་འགྲོ་དོན་ནི་འཕེལ་རྒྱས་ཀྱི་མཉམ་ཤུགས་གཅིག་ཏུ་འདུས་པ་དང་གསར་གཏོད་ཀྱི་གསོན་ཤུགས་འཕེལ་བ་ལས་བྱུང་བ་ཞིག་རེད།

    འདི་ལོ་ནི་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་75འཁོར་བའི་ལོ་ཞིག་ཡིན། “དུས་ཐུང་ལོ་བཅུ་ཕྲག་འགའི་རིང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་ཡོད” རྒྱལ་ཡོངས་ཀྱི་གཞུང་ལམ་ཤར་གཏོང་ཐུབ་པའི་རྫོང་གྲོང་མཇུག་ཤོས་ཡིན་པའི་མེ་ཏོག་རྫོང་དེ་ད་ཆ་ཡུལ་སྐོར་གྱི་དྲ་ཐོག་གྲགས་ཅན་གྱི་རྫོང་ཞིག་ཏུ་གྱུར་ཡོད། ཟླ་3ཚེས་11ཉིན། “བདེ་སྐྱིད་ལྡན་པའི་ལྷོ་ཁ་རྟགས་ཅན”གྱི་རིག་གནས་ཡུལ་སྐོར་ཆེད་གཏོང་མེ་འཁོར་ལྷོ་ཁ་མེ་འཁོར་འབབ་ཚུགས་སུ་འབྱོར་ནས་ཡུལ་སྐོར་བ“ལྷ་མོའི་གྲོང་ཚོ་དང་པོར”ལྷ་མོ་ལྟ་བ་དང་སྒོར་གཞས་འཁྲབ་པར་བསྐྱོད་ཡོད། ཉིན་འཁོར་ཐོངས་པའི་སྟབས་བདེ་དེ་འདྲ་ནི་ཡར་ངོའི་ཟླ་བཞིན་འཕེལ་རྒྱས་འགྲོ་བཞིན་པའི་འགྲིམ་འགྲུལ་གྱི་ཡོ་ཆས་ཀྱི་འདེགས་སྐྱོར་དང་ཁ་འབྲལ་ཐབས་མེད། མཚོ་བོད་གཞུང་ལམ་དང་། ཁྲོན་བོད་གཞུང་ལམ། མཚོ་བོད་ལྕགས་ལམ་བཅས་ཀྱིས་རང་བྱུང་འོབས་ཆེན་བདེ་ལམ་དུ་གྱུར་པ་དང་། བསྐྱར་དར་རྟགས་ཅན་གྱི་མེ་འཁོར་ས་མཐོར་སྐྱོད་པ། མཁའ་ལམ་བརྒྱ་ལྷག་ཙམ་རྒྱལ་ཡོངས་སུ་ཤར་གཏོང་ཐུབ་པ་སོགས་གཞུང་ལམ་དང་། ལྕགས་ལམ། མཁའ་འགྲུལ་བཅས་ཕྱོགས་གསུམ་གཞི་གཅིག་ཅན་གྱི་འགྲིམ་འགྲུལ་མ་ལག་གིས་བོད་དུ་འགྲོ་འོང་བྱ་རྒྱུར་སྟབས་སྔར་བས་བདེ་རུ་ཕྱིན་ཡོད།

    འགྲིམ་འགྲུལ་ཙམ་མིན་པར་བོད་ཀྱི་གློག་ཤུགས་དང་། འཕྲིན་གཏོང་། ཆུ་མཁོ་འདོན་སོགས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཀྱི་དགོས་ངེས་ཀྱི་རྨང་གཞིའི་སྒྲིག་བཀོད་ལའང་ལོ་ཤས་རིང་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། དེ་ནི་མི་རབས་མང་པོས“བོད་སྐྱོད་པ་རྒན་གྲས”ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་མུ་མཐུད་འབད་འཐབ་བྱས་པའི་འབྲས་བུ་དང་། རྒྱལ་ཡོངས་མི་དམངས་ཀྱིས་བོད་ལྗོངས་འཛུགས་སྐྲུན་ལ་རོགས་སྐྱོར་ཤུགས་ཆེན་བྱས་པའི་གྲུབ་འབྲས་ཤིག་རེད། འཕེལ་རྒྱས་ཀྱི་མཉམ་ཤུགས་ཆེན་པོ་དེ་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱིས་སྟོབས་ཤུགས་གཅིག་སྡུད་ངང་དོན་ཆེན་སྒྲུབ་པའི་དགེ་མཚན་མངོན་གསལ་དོད་པོ་ལས་བྱུང་བ་ཞིག་རེད།

    རང་ངོས་ཀྱི་མཐུན་རྐྱེན་ལེགས་སུ་བཏང་ནས་གཞན་སྐུལ་རང་འགུལ་དུ་འགྱུར་བར་བྱེད་པར“ནུས་ལྡན་སྲིད་གཞུང”དང“ནུས་ལྡན་ཁྲོམ་ར”གཉིས་ཀྱིས་མཉམ་ཤུགས་བཏོན་ཡོད། 2018ལོར་བོད་ཀྱིས་དགུན་དུས་བོད་དུ་ཡུལ་སྐོར་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་བཏོན་པ་སྟེ། Aརིམ་པའི་མཛེས་ལྗོངས་ཁུལ་དུ་སྤ་སེར་རིན་པ་མི་དགོས་པ་དང་། གསོལ་མགྲོན་ཁང་མང་ཆེ་བས་ཡུལ་སྐོར་བ་ཉུང་བའི་སྐབས་ཀྱི་གོང་ཚད་བཏོན་པ། འགྲུལ་སྐྱེལ་ཀུང་སི་དང་མཁའ་འགྲུལ་ཀུང་སིས་སྤ་སེའི་རིན་གོང་གཅོག་པ། ཡུལ་སྐོར་ལས་དོན་ཁང་ལ་བྱ་དགའ་སྤྲོད་པ་བཅས་གཟིགས་སྐྱོང་གི་སྲིད་ཇུས་རབ་དང་རིམ་པ་བཏོན་ནས། ཡུལ་སྐོར་དུས་ཚིགས་ཀྱི་འགྲུལ་རྒྱུན་སྙོམས་པོ་ཡོང་བར་བྱས་ཏེ་དུས་ཚིགས་ཀྱི་དཀའ་གནད་བསལ་ཡོད། བོད་ལྗོངས་སློབ་ཆེན་དཔལ་འབྱོར་དང་དོ་དམ་སློབ་གླིང་གིས་ཞིབ་འཇུག་བྱས་པ་ལས་མངོན་པར། དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི་སྲིད་ཇུས་ལག་ལེན་བསྟར་ཚུན་བོད་ཀྱི་གསོལ་མགྲོན་ཁང་དུ་ལོར་ཆ་སྙོམས་ཞག་སྡོད་བྱེད་ཚད་བརྒྱ་ཆའི་གྲངས་12མཐོ་རུ་ཕྱིན་པ་དང་། ཡུལ་སྐོར་རླངས་འཁོར་སྤྱོད་ཚད་བརྒྱ་ཆའི་གྲངས་18མཐོ་རུ་ཕྱིན་ཡོད།

    གངས་ལྗོངས་ཀྱི“གྲང་ངར”འཕེལ་རྒྱས་ཀྱི“ཚ་རླབས”སུ་བསྒྱུར་ནས་མཛེས་ལྗོངས་ཁུལ་འཁྲུག་ཏུ་ཕྱིན་པ་དང་། མང་ཚོགས་ཕྱུག་པོ་ཆགས་པ། མི་སེམས་ལ་དྲོད་ཁོལ་སྦྱིན་པ་སོགས་དགུན་དུས་བོད་དུ་ཡུལ་སྐོར་ལས་བྱུང་བའི་དབྱར་མཚོ་རྒྱས་པ་ལྟར་གྱི་འཕེལ་རྒྱས་ཀྱི་རྣམ་པ་དེའང་ལྟ་ཞིབ་བྱ་ཡུལ་གལ་ཆེན་ཞིག་ཏུ་གྱུར་ཡོད། དེའི་ཁྲོད་ནས་ང་ཚོས་འཕེལ་རྒྱས་ཀྱི་མཉམ་ཤུགས་དང་གསར་གཏོད་ཀྱི་གསོན་ཤུགས་མཐོང་བ་མ་ཟད། ལམ་ལུགས་ཀྱི་དགེ་མཚན་དང་ལོ་རྒྱུས་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་སྐྱོད་པའི་རེ་བ་ཡང་མཐོང་བྱུང་།

    (ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་འབྱོར་བའི་གློག་འཕྲིན)

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།