དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • རི་ལྡེབས་སྔོ་ལྗང་གོས་ཀྱིས་བཀླུབས། ཤིང་འབྲས་བཏབ་པས་ཕྱུག་པོ་ཆགས།

    སྣང་རྫོང་གིས་ཚད་གཞི་མཐོ་བའི་ཀུ་ཤུ་བཏབ་ནས“སྔོ་ལྗང་དང་ ཕྱུག་འགྱུར་གཉིས་དར”གྱི་འཆར་གཞི་གསར་པ་བཏིང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-14

    ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་དུང་དཀར་གྲོང་རྡལ་བྲག་ཕྱི་ཐང་གི་ཚད་གཞི་མཐོ་བའི་ཀུ་ཤུ་འདེབས་འཛུགས་རྟེན་གཞིར་ཀུ་ཤུའི་སྡོང་པོ་གྲལ་སྟར་འགྲིག་པ་དང་ཚད་ལྡན་ཅན་གྱི་ཤིང་འབྲས་ཀྱི་སྒྲོམ་སྐྱོར་དང་རིག་ནུས་ཅན་གྱི་ཞིང་ནང་གཡོག་བྱེད་སྒྲིག་ཆས་མངོན་གསལ་ཧ་ཅང་དོད། བཟོ་པ་ཚོས་ཤིང་འབྲས་ལྡུམ་རར་བདག་སྐྱོང་ཡག་པོ་བྱས་ནས་ད་ལོ་ལོ་ལེགས་ཡོང་བར་རྨང་གཞི་བརྟན་པོ་འདིང་བཞིན་མཆིས།

    རྟེན་གཞིའི་ལས་མི་ངག་དབང་ཆོས་སྒྲོན་གྱིས“དེ་སྔ་ང་ཚོའི་རྟེན་གཞི་འདི་ཐང་རྒོད་ཡིན་པ་དང་ཕྱིས་སུ་ས་ཞིང་ཁོད་སྙོམས་ནས་ཀུ་ཤུའི་སྡོང་པོ་བཏབ་ཡོད”ཅེས་ངོ་སྤྲོད་བྱས། བྲག་ཕྱི་ཐང་གི་ཚད་གཞི་མཐོ་བའི་ཀུ་ཤུ་འདེབས་འཛུགས་རྟེན་གཞིས་ས་ཁོད་སྙོམས་པ་དང་། ས་བོན་འདེམས་གསོ། ས་རྒྱུ་ལེགས་བཅོས། ཆུ་ལུད་གཡོག་བྱེད་བཅས་ནས་ནད་འབུའི་གནོད་འཚེ་སྔོན་འགོག་ཚོད་འཛིན་དང་། ཤིང་འབྲས་ཞིབ་ཚགས་ཅན་གྱི་དོ་དམ་ཚོད་འཛིན་དང་བཟོ་དབྱིབས་འདོན་པ་དང་ཡལ་བཞུར་རྒྱག་པ་བཅས་ལྷུ་ཚིགས་ཚང་མར་ཚན་རིག་དང་མཐུན་པའི་ཚད་གཞི་ནན་པོ་ལག་བསྟར་བྱེད་ཀྱི་ཡོད། རྟེན་གཞིར་སྤུས་ལེགས་སྡོང་ཐུང་སྣ་ཁ་ནང་འདྲེན་བྱས་པ་དང་ཆུ་ལུད་གཞི་གཅིག་ཅན་དང་ལྗང་མདོག་སྔོན་འགོག་ཚོད་འཛིན་སོགས་སྔོན་ཐོན་ལག་རྩལ་སྤྱད་པས་ཀུ་ཤུའི་སྤུས་ཚད་དང་ཁྲོམ་རའི་འགྲན་རྩོད་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད་པ་རེད།

    སྐྱེ་འཚར་བཟང་བའི་ཤིང་འབྲས་ལྡུམ་ར་དེ་ནི་སྣང་རྫོང་གིས་རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་ལག་ལེན་བསྟར་ནས་སྐྱེ་ཁམས་ཐོན་ལས་ཅན་དང་ཐོན་ལས་སྐྱེ་ཁམས་ཅན་ལ་སྐུལ་འདེད་གཏོང་བའི་གསོན་ཉམས་ལྡན་པའི་བསྡུས་རིས་ཤིག་རེད།

    ཉེ་བའི་ལོ་ཤས་རིང་། སྣང་རྫོང་གིས་ཡར་ཀླུང་གཙང་པོའི་སྐམ་ཤས་ཆེ་བའི་ལུང་གཞུང་གི་གནམ་གཤིས་ལ་གཞིགས་ནས་སྐྱེ་ཁམས་རྨང་གཞི་བརྟན་དུ་བཏང་བ་དང་ཕན་འབྲས་ཆུང་བའི་ཞིང་སྤྱོད་ས་ཆ་དང་ས་རྒོད་ཀྱི་ནགས་ཞིང་བསྡུ་སྒྲིལ་བེད་སྤྱོད་བྱས་པ་བརྒྱུད། ཚད་གཞི་མཐོ་བའི་ཀུ་ཤུ་འདེབས་འཛུགས་རྟེན་གཞི་ནུས་ཤུགས་ཡོད་རྒུས་བཏོད་པ་དང་འབྲེལ“ཁེ་ལས་དང་། རྟེན་གཞི། མཉམ་ལས་ཁང་། ཞིང་དུད”བཅས་ཟུང་དུ་འབྲེལ་བའི་ཁེ་ཕན་སྦྲེལ་མཐུད་ལམ་སྲོལ་ཁྱབ་གདལ་བཏང་ནས་སྣང་རྫོང་ཏ་ཧྲན་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་སི་སོགས་གཉེར་སྐྱོང་གཙོ་བོ་མང་པོ་ནགས་ལས་དང་ཤིང་འབྲས་ལས་རིགས་འཕེལ་རྒྱས་ནང་ཞུགས་ཏེ། སྐྱེ་ཁམས་ཀྱི་ལེགས་ཆ་དང་ཐོན་ཁུངས་ཀྱི་ལེགས་ཆ་དེ་དཔལ་འབྱོར་གྱི་ལེགས་ཆ་དང་ཐོན་ལས་ཀྱི་ལེགས་ཆར་རྒྱུན་ཆད་མེད་པར་བསྒྱུར་བ་རེད། མིག་སྔར་རྫོང་དེ་ཡོངས་སུ་ཚད་གཞི་མཐོ་བའི་ཀུ་ཤུ་འདེབས་འཛུགས་རྣམ་གྲངས་11ལེགས་གྲུབ་ཟིན་པ་དང་འདེབས་འཛུགས་རྒྱ་ཁྱོན་མུའུ་2215.13ཟིན་ཡོད་པ་རེད།

    ས་གནས་དེ་གའི་ཀུ་ཤུའི་སྡོང་པོ་ཁག་གཅིག་སྡོང་རྒན་ཡིན་པ་དང་། སྣ་ཁ་རྐྱང་པ་ཡིན་པ། འབྲས་བུའི་སྤུས་ཚད་དང་ཕན་འབྲས་མཐོ་པོ་མེད་པ་སོགས་ཀྱི་གནད་དོན་ལ་དམིགས་ནས། སྣང་རྫོང་གིས་ལྡོག་འགོག་ནུས་པ་ཆེ་བ་དང་། སྤུས་ཀ་ལེགས་པ། ཐོན་འབབ་མཐོ་བ་བཅས་ཀྱི་སྣ་ཁ་གསར་པ་ནང་འདྲེན་དང་གསོ་སྐྱོང་ཧུར་ཐག་བྱས་ནས་ཁྲོམ་རའི་སྣ་མང་ཅན་གྱི་ཤིང་འབྲས་དགོས་མཁོ་རྒྱུན་ཆད་མེད་པར་བསྐངས་ཡོད། 2025ལོར་རྫོང་དེ་ཡོངས་ཀྱི་ཀུ་ཤུའི་ལོ་རེའི་ཐོན་འབབ་སྤྱི་རྒྱ་ཁྲི་260ཟིན་ནས་ཐོན་རྫས་རིན་ཐང་སྒོར་ཁྲི་1560ལྷག་ཙམ་ཟིན་ཡོད་པ་རེད།

    སྣང་རྫོང་དུང་དཀར་གྲོང་རྡལ་ཉལ་གྲོང་ཚོར་སྐྱོད་སྐབས་ཁྱིམ་ཚང་ཚང་མའི་སྒོ་རའི་ནང་ཤིང་འབྲས་སྣ་ཚོགས་བཏབ་ཡོད། “དེ་སྔ་སྒོ་རའི་ནང་དངོས་པོ་ཙག་ཙིག་སྤུངས་པ་དང་། ད་ཆ་ཀུ་ཤུ་བཏབ་པས་ཁོར་ཡུག་མཛེས་སུ་ཕྱིན་པ་མ་ཟད། ད་དུང་འབབ་འཕར་ཡང་བྱུང་བས་ངོ་མ་ཡག་པོ་འདུག”ཅེས་ཡུལ་མི་བདེ་སྐྱིད་ཀྱིས་རང་ཁྱིམ་གྱི་སྒོ་རའི་ནང་གི་ཤིང་འབྲས་ལ་ལྟ་བཞིན་ངོ་གདོང་ལས་འཛུམ་མདངས་འཕྱུར་གྱིན་བཤད།

    ཀུ་ཤུའི་ཐོན་ལས་འཕེལ་རྒྱས་ཕྱིན་པ་དེས་རི་རྒོད་སྔོ་འགྱུར་གྱི་སྐྱེ་ཁམས་ཕན་འབྲས་ཐོན་པ་མ་ཟད། མང་ཚོགས་ལ་ལས་ཞུགས་དང་། འབབ་འཕར། ལག་རྩལ་སྦྱོང་བ་བཅས་ཀྱི་གོ་སྐབས་དེ་བས་བསྐྲུན་ཡོད།

    སྡོད་པ་ཐང་གྲོང་ཚོའི་གསར་དུ་བསྐྲུན་པའི་ཀུ་ཤུའི་རྟེན་གཞིར་སྣང་རྫོང་བར་རེ་གྲོང་ཚོ་རོང་ཚོགས་ཆུང་ནས་ཡིན་པའི་སྐལ་བཟང་དབྱངས་ཅན་གྱིས་ཤིང་འབྲས་ལྡུམ་རའི་ནང་རྩྭ་ངན་བཀོག་བཞིན་ཡོད། ལས་ཀའི་སྐོར་གླེང་སྐབས་ཁོང་གིས“དེ་སྔ་ཐག་རིང་ལ་གླ་པར་འགྲོ་དགོས་ཀྱི་ཡོད། ད་ཆ་ཀུ་ཤུའི་རྟེན་གཞིར་ལས་ཀ་བྱེད་ཀྱི་ཡོད་པས་གླ་ཆ་ཡག་པོ་ཡོད་ཁར་ཁྱིམ་དང་ཐག་ཉེ་པོ་ཡོད་པས་ཕར་འགྲོ་ཚུར་འོང་བྱེད་བདེ་པོ་འདུག དེས་མ་ཚད་ད་དུང་ཁྱིམ་ལའང་ལྟ་རྟོག་ཐུབ་པས་ངའི་ངོས་ནས་བརྗོད་ན་ལས་ཀ་དེ་ལས་འཚམ་པ་མིན་འདུག”ཅེས་བཤད།

    ཐང་རྒོད་ནས་ཞིང་ས་གཤིན་པོའི་བར་དང་། སྐྱེ་ཁམས་ཀྱི་ལེགས་ཆ་ནས་ཐོན་ལས་དར་རྒྱས་བར་གྱི་ཤིང་འབྲས་ལྡུམ་ར་རེ་རེས་རི་རྒོད་དག་སྔོ་ལྗང་གོས་ཀྱིས་བརྒྱན་ནས་མང་ཚོགས་ཚོར་ཡོང་འབབ་བྱུང་ཡོད། མཛེས་སྡུག་ལྡན་པའི་སྔོ་ལྗང་རི་ཀླུང་གིས་གངས་ལྗོངས་ས་མཐོར་ཐོན་ལས་དར་རྒྱས་དང་། ཞིང་པ་ཕྱུག་འགྱུར། སྐྱེ་ཁམས་མཛེས་པ་བཅས་ཀྱི་འཆར་གཞི་གསར་རྐྱང་ཞིག་འདིང་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།