དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ལྷ་སའི་འཇུན་པ་ཉ་གྲོང་གིས་སྐྱེ་ཁམས་བཟང་པོར་བརྟེན་ནས་རིག་གནས་ཡུལ་སྐོར་གྱི་གསོན་ཤུགས་འཕེལ་བར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-13

    ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཆུ་ཤུར་གྲོང་རྡལ་འཇུན་པ་ཉ་གྲོང་དུ་སྐྱོད་སྐབས། ཁོད་སྙོམས་པའི་སྣུམ་ནག་གཞུང་ལམ་གྲོང་ཚོ་བར་བཏིངས་ཡོད་པ་དང་། གཞུང་ལམ་གྱི་གཞོགས་གཉིས་སུ་སྔོ་ལྗང་ལྗོན་ཤིང་གིས་བརྒྱན་པ། བོད་བཟོའི་ཁང་པ་སྟར་པ་རེ་རེ་བཞིན་གྲལ་སྟར་འགྲིག་པོར་ཆགས་པ། དུད་ཚང་ཚང་མའི་ཁང་པའི་རྒྱབ་མདུན་དུ་ཐོན་སྐྱེད་མཁོ་ཆས་གང་བྱུང་དུ་མ་བཞག་པར་གཙང་མར་བསྒྲིགས་འདུག ཡུལ་མི་དབང་འདུས་ཀྱིས“མིའི་འཚོ་སྡོད་ཁོར་ཡུག་ཇེ་ལེགས་སུ་འགྲོ་བཞིན་ཡོད་པས། སེམས་པ་ཧ་ཅང་སྐྱིད་པོ་འདུག”ཅེས་མྱོང་ཚོར་ཟབ་མོས་བཤད།

    གྲོང་ཚོ་མཛེས་སྡུག་དང་ལྡན་ལ་མང་ཚོགས་བདེ་ཞིང་སྐྱིད་པའི་གྲོང་གསེབ་དར་རྒྱས་ཀྱི་རྣམ་པ་འདི་ནི་འཇུན་པ་ཉ་གྲོང་གིས་སྐྱེ་ཁམས་སྲུང་སྐྱོང་དང་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ལ་མཉམ་དུ་ཤུགས་རྒྱག་པ་མཐའ་འཁྱོངས་བྱས་ཏེ། གྲོང་གསེབ་འཛུགས་སྐྲུན་གྱི་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་བཏང་བར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།

    ཉེ་བའི་ལོ་ཤས་རིང་། འཇུན་པ་ཉ་གྲོང་གིས“སྐྱེ་ཁམས་སྔོན་ལ་འཇོག་པ་དང་། སྲུང་སྐྱོང་ཨང་དང་པོར་འཇོག་པ། ལྗང་མདོག་འཕེལ་རྒྱས་གཏོང་བ། མཛེས་ལྗོངས་དང་གྲོང་ཚོ་མཉམ་གནས”བཅས་ཀྱི་ལྟེ་བའི་རྩ་དོན་ཐོག་མཐའ་བར་གསུམ་དུ་བརྟན་སྲུང་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དེ་འཆར་འགོད་དང་། འཛུགས་སྐྲུན། གཉེར་སྐྱོང་བཅས་ཀྱི་ལྷུ་ཚིགས་ཁག་ལ་ཁྱབ་པར་བྱས་པ་དང་། “མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་། སྐྱེ་ཁམས་བཅོས་སྐྱོང་། ཐོན་ལས་རིམ་སྤོར”བཅས་ཀྱི་འདུ་འགོད་ཆེན་པོ་གསུམ་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བར་བརྟེན་ནས་སྲོལ་རྒྱུན་གྱི་ཉ་ལས་དེ་སྐྱེ་ཁམས་རིག་གནས་ཡུལ་སྐོར་ཐོན་ལས་ལ་བསྒྱུར་རྒྱུར་སྐུལ་འདེད་བཏང་ཡོད།

    སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་པ་དེས་འཇུན་པ་ཉ་གྲོང་གི་སྐྱེ་ཁམས་སྤུས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་ཕྱིན་པ་མ་ཟད། གྲོང་མིའི་དངུལ་ཁུག་ཀྱང་སྔར་བས་ལྗིད་ཏིག་ཏིག་ཆགས་ཡོད།

    གཙང་པོ་དང་ཆུ་བོའི་སྐྱེ་ཁམས་ཐོན་ཁུངས་སྤུས་ལེགས་དང་ཐུན་མོང་མ་ཡིན་པའི་ཉ་འཛིན་རིག་གནས་ཐོན་ཁུངས་ལ་བརྟེན་ནས་གྲོང་ཚོས་ཁྱད་ཆོས་ལྡན་པའི་ཡུལ་སྐོར་རྣམ་གྲངས་རབ་དང་རིམ་པ་བཏོད་པ་སྟེ། ཀོ་གྲུ་བཏང་ནས་ཡུལ་ལྗོངས་ལ་ལྟ་བ་དང་ཀོ་གྲུ་བཏང་ནས་འཕྱོ་གཡེང་བྱེད་པ་སོགས་ཐཱན་དམའ་བའི་ཁོར་ཡུག་གནོད་མེད་ཀྱི་ཆུ་ཐོག་ཡུལ་སྐོར་རྣམ་གྲངས་གསར་སྤེལ་བྱས་པ་དང་། མངོན་མིན་རིག་གནས་ཤུལ་བཞག་གི་རིག་གནས་བསམ་བཀོད་སྒྱུ་རྩལ་ལྟེ་གནས་གསར་དུ་བཙུགས་པ། “ཉའི”རིག་གནས་སྔོག་འདོན་གཏིང་ཟབ་བྱས་ཏེ་ཁྱད་ལྡན་བཟའ་བཏུང་གི་སྤུས་རྟགས་བཏོད་པ། “སྐྱེ་ཁམས་མཛེས་ལྗོངས་ལ་རྐང་ཐང་མར་མྱོང་རོལ་བྱེད་པ་དང་དམངས་སྲོལ་གནས་ཚང་ཉམས་ལེན་བྱེད་པའི”ཁྱད་ལྡན་ཡུལ་སྐོར་ལམ་ཐིག་བཏོད་དེ་ཡུལ་སྐོར་བ་སྐྱེ་ཁམས་སྔོ་ལྗང་ཁུལ་དང་རི་འཛེག་ལ་བསྐྱོད་རྒྱུར་ཁྲིད་སྟོན་བྱས་ནས་ཁོང་ཚོར་དབྱིངས་ཞུགས་རྣམ་པའི་སྒོ་ནས་ས་མཐོའི་སྐྱེ་ཁམས་ཀྱི་མཛེས་པ་མྱོང་ཐུབ་པར་བྱས་ཡོད།

    “རི་སྔོན་ཆུ་དྭངས”ཀྱི་གཞི་མདངས་ཇེ་ཟབ་ཏུ་སོང་བ་དང་བསྟུན་ནས་སྐྱེ་ཁམས་ཀྱི་ཁེ་འབབ་ཀྱང་དམངས་ཕྱུག་ཕན་འབྲས་སུ་རྒྱུན་ཆད་མེད་པར་འགྱུར་བཞིན་ཡོད། བསྡོམས་རྩིས་བརྒྱབ་པ་ལྟར་ན། 2025ལོར་འཇུན་པ་ཉ་གྲོང་གིས་ཡུལ་སྐོར་བ་མི་ཐེངས་ཁྲི་5ལྷག་ཙམ་ལ་སྣེ་ལེན་ཞུས་པ་དང་། ཡུལ་མི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་3.2ཟིན་ཡོད་པ་རེད།

    “ད་ཆ་ང་ལ་ཉ་ལས་དང་། ཡུལ་སྐོར་སྣེ་ལེན། མངོན་མིན་རིག་གནས་ཤུལ་བཞག་འགྲེམས་འཁྲབ་བཅས་གསུམ་ནས་ཡོང་འབབ་ཡོང་གི་ཡོད”ཅེས་ཚེ་རིང་བག་གྲོས་བཤད་པ་དང་། ཁོང་གིས། ངས་རང་ཁྱིམ་གྱི་བོད་བཟོའི་སྒོ་ར་ཆུང་ཆུང་དེ“ཞིང་ཁྱིམ་སྤྲོ་སྐྱིད་ཁང”དུ་སྒྱུར་བཀོད་བྱས་པས་ཡུལ་སྐོར་བ་མང་བའི་དུས་ཚིགས་སུ་ཡོང་འབབ་ཧ་ཅང་ཡག་པོ་འདུག་ཅེས་བཤད།

    “ཆུ་ཁའི་ལྟོ་རྟེན་ཆུ་ཡིན་པ”ནས“གཙང་པོ་དང་ཆུ་བོ་སྲུང་སྐྱོང་བྱེད་པའི”བར་འཇུན་པ་ཉ་གྲོང་གི་གསོན་ཉམས་དོད་པའི་ལག་ལེན་ལས་ས་མཐོའི་ཉ་གྲོང་གི་སྐྱེ་ཁམས་ཀྱི་གདིང་གཞི་མངོན་པ་མ་ཟད། སྐྱེ་ཁམས་ཀྱི་ཕན་འབྲས་དང་། དཔལ་འབྱོར་གྱི་ཕན་འབྲས། སྤྱི་ཚོགས་ཀྱི་ཕན་འབྲས་བཅས་གསུམ་ཕན་ཐོབ་པའི་ས་མཐོའི་གྲོང་གསེབ་དར་རྒྱས་ཀྱི་ལམ་བུ་ཞིག་དེ་བས་བཏོད་ཡོད། ཕྱིས་འབྱུང་འཇུན་པ་ཉ་གྲོང་གིས་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་མུ་མཐུད་སྲུང་སྐྱོང་ཡག་པོ་བྱས་ཏེ་སྐྱེ་ཁམས་ཀྱི“ཆུ་བཟང”ལ་བརྟེན་ནས་རིག་གནས་ཡུལ་སྐོར་གྱི་གསོན་ཤུགས་འཕེལ་བར་བྱས་ཏེ། གངས་ལྗོངས་ས་མཐོར་དུས་རབས་གསར་པའི“རི་ཆུའི་ལེའུ”མུ་མཐུད་ཡག་པོ་རྩོམ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།