བོད་ལྗོངས་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་ཡིན་པའི་ཚན་རིག་གི་ནང་དོན་དང་ངོ་བོའི་ཁྱད་ཆོས།
ཏང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་གནང་གི་ཡོད་ལ། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྱོང་ལས་དོན་ཐད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ནས“བོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱ་རྒྱུ་དེ་བསྐལ་བརྒྱར་ཕན་པ་དང་གནམ་འོག་ལ་ཕན་པ་ཞིག་རེད”ཅེས་དང“རྩིས་ཆེན་པོ་རྒྱག་པ་དང་ཕུགས་རྩིས་བརྒྱབ་ནས་སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱེད་པ་ལས། སྐྱེ་ཁམས་ཁོར་ཡུག་བློས་གཏོང་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་གཏན་ནས་གཏོང་མི་རུང”ཞེས་གསུངས་ཡོད། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་། ལོ་རྒྱུས་ལ་འགན་འཁུར་བ་དང་། མི་དམངས་ལ་འགན་འཁུར་བ། འཛམ་གླིང་ལ་འགན་འཁུར་བ་བཅས་ཀྱི་རྣམ་འགྱུར་མཐའ་འཁྱོངས་བྱེད་པ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་པ། ས་མཐོའི་སྲོག་ཆགས་དང་རྩྭ་རྩི་ཤིང་དང་རི་ཆུ་ཀླུང་གསུམ་སྲུང་སྐྱོང་ཡག་པོ་བཅས་བྱས་ནས་མཚོ་བོད་ས་མཐོ་འདི་ཉིད་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་སར་འགྱུར་བ་བྱེད་དགོས་ཞེས་གསུངས་ཡོད།
མཚོ་བོད་ས་མཐོའི་གྲུབ་ཆ་གཙོ་བོ་དང་། “ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག” “འཛམ་གླིང་གི་ཡང་རྩེ”བཅས་ཡིན་པའི་བོད་དུ་སྐྱེ་ཁམས་མ་ལག་ཕུན་སུམ་ཚོགས་པོ་ཡོད་མོད། འོན་ཀྱང་ཧ་ཅང་ཉམས་ཞན་ཡིན་པ་དང་། སྐྱེ་ཁམས་མ་ལག་ལ་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་མངོན་གསལ་ཐེབས་པ་དང་མིའི་རིགས་ཀྱི་བྱེད་སྒོས་ཀྱང་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད་པས། ས་མཐོའི་སྐྱེ་ཁམས་མ་ལག་གི་བརྟན་པོའི་རང་བཞིན་དང་སྣ་མང་རང་བཞིན་ཆེ་རུ་གཏོང་བ་དང་དེའི་སྐྱེ་ཁམས་དང་ཐོན་སྐྱེད་ནུས་པ་རྒྱུན་འཁྱོངས་བྱ་རྒྱུ་ནི་རང་རྒྱལ་གྱི་སྐྱེ་ཁམས་བདེ་འཇགས་དང་རྒྱུན་མཐུད་འཕེལ་རྒྱས་ཡོང་བའི་རྨང་རྡོ་གལ་ཆེན་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ནི་ཀྲུང་ཧྭ་མི་རིགས་འཚོ་གནས་དང་འཕེལ་རྒྱས་ལ་ལེགས་སྐྱེས་ཆེན་པོ་ཕུལ་བ་ཞིག་རེད”ཅེས་ཐེངས་མང་གསུངས་ཡོད། དེ་ཡང་བོད་ལྗོངས་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་ཡིན་པའི་འཐབ་ཇུས་གནས་བབ་ཀྱི་ནུས་པ་དང་ལས་འགན་གལ་ཆེན་ལ་རྒྱས་བཤད་གཏིང་ཟབ་གནང་བ་ཞིག་རེད། བོད་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་སའི“མཐོ་བ”དེ་དང་ཐོག་ཚབ་བྱེད་ཐབས་བྲལ་བའི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་ཀྱི་འཐབ་ཇུས་ངེས་གནས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཚད་གཞི་མཐོ་པོ་དང་བླང་བྱ་མཐོ་པོ་ལས་མཐོ་བ་ཡོད། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་ཀྱི་འཐབ་ཇུས་གནས་ས་བསྐྲུན་པར། སྐྱེ་ཁམས་སྲུང་སྐྱོང་བྱ་ཐབས་ནན་ཤོས་ལག་བསྟར་བྱས་ཏེ་བོད་ཀྱི་ས་མཐོའི་སྐྱེ་ཁམས་ཁོར་ཡུག་གི་ཆུ་ཚད་མཐོ་བའི་སྲུང་སྐྱོང་མངོན་འགྱུར་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་ཀྱི་འཐབ་ཇུས་མཐོ་ས་དེ་སྲུང་སྐྱོང་ཡག་པོ་བྱེད་དགོས།
མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་མཐའ་འཁྱོངས་བྱ་རྒྱུ་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པའི་ནང་དོན་གཙོ་བོ་ཡིན་པ་དང་། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ལ་སྐུལ་འདེད་གཏོང་རྒྱུ་དེ་ཡང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ངོ་བོའི་བླང་བྱའི་གྲས་ཤིག་རེད། མཚོ་བོད་ས་མཐོའི་སྐྱེ་ཁམས་མ་ལག་ཕུན་སུམ་ཚོགས་ལ་ཉམས་ཞན་ཡིན་པའི་ས་ཁུལ་འདི་ལྟ་བུར་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཇི་ལྟར་ཡོང་བ་བྱ་རྒྱུ་ནི་ངེས་པར་དུ་ལན་འདེབས་དགོས་པའི་དུས་རབས་ཀྱི་བརྗོད་གཞི་ཞིག་རེད། བོད་ལྗོངས་ས་མཐོའི་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་རིག་གནས་ནི“མཐོ་སའི”ངེས་གནས་ཁྲོད་མེད་དུ་མི་རུང་བའི“ཤེས་དཔལ”གྱི་ནང་དོན་ཞིག་རེད། མི་རབས་ནས་མི་རབས་བར་དེ་གར་འཚོ་བ་སྐྱེལ་མཁན་མི་རིགས་ཁག་གི་མི་དམངས་ལ་ས་མཐོའི་ཁོར་ཡུག་དང་ཞི་མཐུན་མཉམ་གནས་བྱེད་པའི་སྲོལ་རྒྱུན་བཟང་པོ་འཇགས་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་དེ་མཐར་གཏུགས་ནས་བརྗོད་ན་འཕེལ་རྒྱས་གཏོང་སྟངས་དང་འཚོ་བ་སྐྱེལ་སྟངས་ཀྱི་གནད་དོན་ཞིག་ཡིན་ཞེས་གསུངས་ཡོད། ལྗང་མདོག་ཐཱན་ཉུང་འཁོར་རྒྱུག་འཕེལ་རྒྱས་ཀྱི་དཔལ་འབྱོར་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ཡོངས་ནས་ལྗང་མདོག་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་རྒྱུ་ནི་རང་རྒྱལ་གྱི་སྐྱེ་ཁམས་ཁོར་ཡུག་གནད་དོན་ཐག་གཅོད་བྱེད་པའི་རྨང་གཞིའི་ཐབས་ཇུས་ཤིག་རེད། བོད་ཀྱི་ཉམས་ཞན་གྱི་སྐྱེ་ཁམས་ཁོར་ཡུག་གི་ཁྱད་ཆོས་ལས་བོད་འདི་ཉིད་སྦགས་བཙོག་ཆགས་རྗེས་གཞི་ནས་བཅོས་སྐྱོང་བྱེད་པའི་ལམ་རྙིང་པར་གཏན་ནས་སྐྱོད་མི་རུང་བ་དང་དཔལ་འབྱོར་འཕེལ་རྒྱས་ཆེད་ཁོར་ཡུག་བློས་གཏོང་གཏན་ནས་བྱེད་མི་རུང་བ་གཏན་འཁེལ་བྱས་ཡོད། བོད་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་སའི་མཐོ་ས་དེ་ཆུ་ཚད་མཐོ་བའི་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་མཉམ་དུ་མདུན་སྐྱོད་བྱས་ནས་འཕེལ་རྒྱས་ཐད་སྐྱེ་ཁམས་སྲུང་སྐྱོང་ཐུབ་ཡོད་ལ་དཔལ་འབྱོར་གྱི་ཕན་འབྲས་ཀྱང་ཐོབ་པ་བྱེད་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“སྐྱེ་ཁམས་ཁོར་ཡུག་བཟང་པོ་ནི་ཆེས་དྲང་གཞག་གི་སྤྱི་པའི་ཐོན་རྫས་ཤིག་དང་ཀུན་ལ་ཕན་པའི་དམངས་འཚོའི་བདེ་རྩ་ཞིག་རེད”ཅེས་ནན་བཤད་གནང་ཡོད། མི་དམངས་མང་ཚོགས་ནི་སྐྱེ་ཁམས་ཤེས་དཔལ་འཛུགས་གཏོད་ཀྱི་ཕན་པ་ཐོབ་མཁན་ཡིན་ལ་སྐྱེ་ཁམས་ཤེས་དཔལ་འཛུགས་གཏོད་ནང་ཞུགས་མཁན་དང་དེར་སྐུལ་འདེད་གཏོང་མཁན་ཡང་ཡིན་པ་དེ་ཐོག་ནས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་གང་ལེགས་མངོན་ཡོད། བོད་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་དེ་མི་རིགས་ཁག་གི་མང་ཚོགས་རྣམས་རང་བྱུང་ཐོན་ཁུངས་སྤྱོད་མཁན་ནས་སྐྱེ་ཁམས་སྲུང་མཁན་དང་ཕན་པ་ཐོབ་མཁན་དུ་གྱུར་ཏེ། སྲོག་ཆགས་དང་རྩྭ་རྩི་ཤིང་སྲུང་སྐྱོང་ཡག་པོ་བྱེད་པའི་ཁྲོད་ནས“གསེར་གྱི་ལྟོ་ཕོར”བརྟན་པོར་བཟུང་ཐུབ་པ་བྱུང་ཡོད། སྐྱེ་ཁམས་དམངས་ཕྱུག་གི་སྔོན་སྤེལ་ཁུལ་འཛུགས་སྐྱོང་བྱེད་པར“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི”ལག་ལེན་གསར་གཏོད་དང་། སྐྱེ་ཁམས་ཁ་གསབ། སྐྱེ་ཁམས་དར་རྒྱས་བཅས་ལྟེ་བར་བྱེད་པ་དང་། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་གཞན་སྒྱུར་གྱི་ཐབས་ལམ་གསར་གཏོད་བྱེད་པ། སྐྱེ་ཁམས་སྲུང་མཁན་ལ་ཕན་པ་ཐོབ་པར་བྱེད་པ། ལྗང་མདོག་འཕེལ་རྒྱས་ཀྱི་ཁེ་སྤོགས་ཁྱིམ་ཚང་ཁྲི་སྟོང་མང་པོར་རག་པར་བྱེད་པ། སྐྱེ་ཁམས་བཟང་པོ་མཉམ་སྐྲུན་དང་མཛེས་སྡུག་ལྡན་པའི་འཚོ་བ་མཉམ་སྤྱོད་ཀྱི་འཁོར་རྒྱུག་བཟང་བའི་ཕུགས་ཕན་ལམ་སྲོལ་ཆགས་པར་བྱེད་པ། རྒྱལ་ཡོངས་ཀྱི་སྐྱེ་ཁམས་དམངས་ཕྱུག་གི་དཔེ་སྟོན་སྔོན་ལ་གཏོད་པ་བཅས་བྱ་རྒྱུ་ནི་བོད་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་སའི་མཐའ་ཚད་བརྟན་པོ་དེ་ཡིན།
“ལོ་ལྔ་ཚན་བཅུ་བཞི་པའི”རིང་། རང་ལྗོངས་ཀྱི་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བའི་ཁྲོད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་སྟེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་མུ་མཐུད་བརྟན་དུ་ཕྱིན་པ། ནགས་ཚལ་ཁེབས་ཚད་12.54%བར་མཐོ་རུ་ཕྱིན་པ་དང་། རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད་48.07%ཟིན་པ། ས་ཆུ་སྲུང་འཛིན་ཐུབ་ཚད་92.27%བར་མཐོ་རུ་ཕྱིན་པ། འདམ་ར་སྲུང་སྐྱོང་ཐུབ་ཚད་68.75%ཟིན་པ། ཆུ་བོ་དང་མཚོའི་ཆུ་སྤུས་དག་ཚད་100%ཟིན་པ་བཅས་བྱུང་ཡོད། རླུང་ཁམས་ཆེན་པོ་དང་། ཆུ། ས་རྒྱུ་བཅས་ཀྱི་ཁོར་ཡུག་སྤུས་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་རྒྱུན་འཁྱོངས་ཐུབ་ཡོད། མཚོ་བོད་ས་མཐོའི་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་གྲུབ་འབྲས་ལས་མཚོ་བོད་ས་མཐོའི་སྐྱེ་ཁམས་མ་ལག་སྤྱི་ཡོངས་ནས་ལེགས་སུ་འགྲོ་ཚུལ་མངོན་པ་དང་སྐྱེ་ཁམས་བདེ་འཇགས་སྲུང་བཅད་དེ་བས་བརྟན་དུ་ཕྱིན་ཡོད། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་། བོད་ཀྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་མུ་མཐུད་མཛུབ་ཁྲིད་དུ་བྱས་ཏེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཀྱི་དམིགས་ཚད་གཏན་འཁེལ་དང་། “ས་ཁུལ་ལྔའི”འཛུགས་སྐྲུན་གྱི་ཐབས་ལམ་ལ་མུ་མཐུད་དམིགས་པ། ཐཱན་ཉུང་གཏོང་དང་། སྦགས་བཙོག་ཉུང་གཏོང་། སྔོ་ལྗང་རྒྱ་སྐྱེད། འཕར་སྣོན་བཅས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ། དེ་བས་མཐོ་བའི་ཚུགས་གནས་དང་། དེ་བས་ནན་པའི་ཚད་གཞི། དེ་བས་ཏན་ཏིག་གི་བྱ་ཐབས་བཅས་ཀྱི་ཐོག་ནས་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་སའི་རྨང་གཞི་མུ་མཐུད་བརྟན་དུ་གཏོང་བ་བཅས་བྱས་ནས། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་རྩོམ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།