ཐལ་རླུང་འཚུབ་པ་ནས་སྔོ་ལྗང་གིས་བཀླུབས་པའི་བར།
ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭས་ས་མཐོའི་སྐྱེ་ཁམས་ཀྱི་ངོ་མཚར་བཏོད་པ།
2021ལོར་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་ལག་ལེན་བསྟར་འགོ་ཚུགས་ཚུན། ལས་གྲྭ་དེས“ལོ་ལྔའི་ནང་རི་ཀླུང་སྔོ་ལྗང་དུ་འགྱུར་བ་དང་ལོ་བཅུའི་ནང་ལྷ་ས་སྔོ་ལྗང་དུ་འགྱུར་བ”དམིགས་ཚད་དུ་བྱས་ནས། འཛམ་གླིང་ཡང་རྩེར་ཟིལ་རླབས་དགུང་འཕྱུར་གྱི་སྔོ་འགྱུར་བྱ་སྤྱོད་རྒྱུན་མཐུད་སྤེལ་ཏེ“མི་སྲིད་པ”མང་པོ་ཞིག་རེ་རེ་བཞིན་མངོན་སུམ་དུ་གྱུར་ནས་ས་མཐོའི་སྐྱེ་ཁམས་འཛུགས་སྐྱོང་གི་ལེའུ་གསར་པ་བརྩམས་ཡོད། མིག་སྔའི་བར་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭས་རིམ་རྩིས་བརྒྱབ་ན་རྒྱལ་ཁབ་ས་ཆ་སྔོ་འགྱུར་རྒྱ་ཁྱོན་མུའུ་ཁྲི་110ལྷག་ཙམ་ལེགས་གྲུབ་ཟིན་པ་དང་ཆབས་ཅིག་ནགས་བཟོའི་ལས་འགན་གཞན་དག་མུའུ་ཁྲི་30ལྷག་ཙམ་ལེགས་གྲུབ་ཟིན་པ་དང་ལྗོན་ཤིང་གསོན་ཚད་85%ཡན་ཟིན་ཡོད། སྐྱེ་སྟོབས་ཀྱི་དཔལ་འབར་བའི་ལྗང་མདོག་གི་རི་མོ་ཞིག་ས་མཐོའི་ས་གཞི་ཆེ་མོར་དལ་བུར་འཐེན་བཞིན་མཆིས།
ལམ་ལུགས་ཀྱིས་གཡས་གཞོགས་གཡོན་འདེགས་བྱས་པས་ལྗང་མདོག་གི་རྨང་གཞི་བརྟན་དུ་སོང་བ།
ལྷ་ས་གྲོང་ཁྱེར་ལྷོ་རི་སྤྱི་གླིང་དུ་སྐྱོད་སྐབས་སྔོ་ཐིང་ཐིང་གི་ལྗོན་ཤིང་གི་ཡལ་འདབ་རླུང་བུའི་རྒྱག་ཕྱོགས་དང་བསྟུན་ནས་གཡོ་བ་དང་། ཟམ་པའི་འོག་ཏུ་ཆུ་ཕྲན་ཤང་ཤང་དུ་རྒྱུག་པ། འགྲོ་ལམ་གཡས་གཡོན་གང་སར་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་སྦྱར་ཡིག་མཐོང་རྒྱུ་འདུག་ལ། གྲོང་མི་དང་ཡུལ་སྐོར་བ་མི་ཉུང་བ་ཞིག་དེ་གར་འཆམ་འཆམ་དང་རི་འཛེག་བཞིན་འདུག
ལོ་བཅུའི་གོང་འདི་གར་ད་དུང་ལྗོན་ཤིང་རྐང་གཅིག་ཀྱང་མཐོང་རྒྱུ་མེད་པའི་རི་རྒོད་ཅིག་རེད་ཟེར་ན་སུས་ཀྱང་ཡིད་ཆེས་ག་ལ་བྱེད་སྲིད།
ལྷོ་རིའི་ལྗང་མདོག་རྒྱང་ལམ་དེ་2012ལོར་ས་བབ་མཐོ་བའི་ཤིང་འཛུགས་ནགས་བཟོའི་ཚོད་ལྟ་དང་སྦྲགས་ཏེ་འགོ་ཚུགས་པ་དང་། 2015ལོར“ལྗང་མདོག་གྲོང་སྐོར”ལས་གྲྭ་རིམ་བཞིན་སྤེལ་འགོ་ཚུགས་པ། 2018ལོར་ལྷོ་རི་དང་རྒྱང་གིས་ཆོད་ཅིང་ཁ་སྤྲོད་དུ་ཡོད་པའི་བྱང་རིར་ཡང་ལྕང་མ་འདེབས་འགོ་ཚུགས། ལྷ་ས་གྲོང་ཁྱེར་གྱི་ལྷོ་རིར་ཤིང་འཛུགས་སྔོན་ལ་ཚོད་ལྟ་བྱས་པར་ས་བབ་མཐོ་ཚད་སྨི་3900ཡན་གྱི་ཕྱེད་སྐམ་ཤས་ཆེ་བའི་ཁུལ་དུ་མི་ཐབས་ལ་བརྟེན་ནས་ཤིང་འཛུགས་ནགས་བཟོ་ལམ་ལྷོངས་བྱུང་ནས། རྗེས་མཐུད་ཀྱི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭར་དཔྱད་གཞིའི་ཉམས་མྱོང་མཁོ་འདོན་བྱས་ཡོད།
གནས་དེར་འཚམ་པའི་སྡོང་ཕྲུག་འདེམས་པ་ནི་ལྗོན་ཤིང་གསོན་ཚད་འགན་ལེན་བྱེད་པའི་གནད་འགག་ཡིན། རང་ལྗོངས་ཀྱིས་ཡུལ་བབ་དང་བསྟུན་ནས《ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་སྡོང་ཕྲུག་དོ་དམ་བྱ་ཐབས》དང《ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་འགན་སྲུང་རང་བཞིན་གྱི་སྡོང་ཕྲུག་དོ་དམ་བྱ་ཐབས(ཚོད་ལྟའི་ལག་བསྟར)》སོགས་བཟོས་ནས་བཏོན་ཏེ། ཡུལ་དེའི་སྡོང་ཕྲུག་གསོ་སྤེལ་དང་ས་ཆ་གཞན་གྱི་སྡོང་ཕྲུག་ནང་འདྲེན་དང་འཕྲོད་པར་བྱས་ཏེ་ལྷོ་རི་བྱང་རིའི་ནགས་བཟོའི་ཐད་སྤྱོད་པའི་སྡོང་ཕྲུག་མཚོ་སྔོན་དང་། ཀན་སུའུ། ཉིང་ཞ་སོགས་ཉེ་འགྲམ་ཞིང་ཆེན་གྱི་ས་བབ་མཐོ་བའི་ས་ཁུལ་ནས་དབོར་འདྲེན་བྱ་རྒྱུ་མ་ཟད། ཡུལ་འདི་གར་ཉིན་180ཡི་རིང་སྡོང་ཕྲུག་འཕྲོད་པར་བྱ་རྒྱུའི་གཏན་འཁེལ་བྱས་པ་དང་ཆབས་ཅིག སྡོང་ཕྲུག་དེ་དག་ལ་ལས་ཡུལ་དངོས་ཀྱི་ཞིབ་བཤེར་ཚད་ལོན་རྗེས་གཞི་ནས་འདེབས་ཆོག་གི་ཡོད་པ་རེད།
རྒྱུན་ཆད་མེད་པར་འཚོལ་ཞིབ་དང་ཕྱོགས་སྡོམ་བྱས་པ་བརྒྱུད། ལས་གྲྭས་ཐང་ཤིང་དང་། ཀྲང་ཙི་གསོམ་ཤིང་། རི་ཁམ་སྡོང་ཕྲུག བྱེ་ལྡན་ཁ་སུར་སྡོང་ཕྲུག་སོགས་གྲང་ཐུབ་ཐན་ཐུབ་དང་རླུང་འགོག་ཐུབ་པའི་ཤིང་སྣ་30ལྷག་ཙམ་ཞིབ་ཚགས་ངང་བདམས་ཏེ་ས་བབ་སྨི་3900མན་གྱི་ས་ཁོངས་སུ་མི་ཐབས་ནགས་བཟོ་གཙོ་བོར་བྱེད་པ་དང་ས་བབ་སྨི་3900ཡན་ལ་སོན་འདེབས་ནགས་བཟོ་དང་རི་རྒྱ་ནགས་བཟོ་གཙོ་བོར་བྱ་རྒྱུ་གཏན་འཁེལ་བྱས་པ་རེད།
ད་ཆ་དེ་སྔའི་རི་རྒོད་སྔོ་ཐིང་ཐིང་དུ་གྱུར་ཞིང་། ཐང་ཤིང་དང་། གསོམ་ཤིང་དཀར་པོ། རྒྱ་ཤུག་སོགས་སྐྱེ་འཚར་ཡག་པོ་བྱུང་ཡོད།
ཚན་རྩལ་གྱིས་མཐུན་རྐྱེན་སྦྱར་བས་ས་བབ་མཐོ་བའི་ནགས་བཟོའི་དཀའ་གནད་བསལ་བ།
ས་མཐོར་རླུང་བུ་ཆེ་བ་དང་། རི་རྒྱུད་མང་ཆེ་བའི་ས་རྒྱུ་ཞན་པ། འགྲོ་ལམ་ཤར་གཏོང་མེད་པ། ཆུ་གློག་སྒྲིག་བཀོད་དཀོན་པ་བཅས་ཡིན་པས་གཞི་ཁྱོན་ཆེ་བའི་ནགས་བཟོ་བྱེད་པར་དཀའ་ཚེགས་ཆེན་པོ་ཡོད།
དཀའ་ངལ་ཆེན་པོ་དེ་དག་སེལ་ཆེད། བོད་ཀྱིས་ནགས་ལས་དང་། ཞིང་ལས། ཚན་རྩལ་སོགས་ཕྱོགས་མང་པོའི་ཐོན་ཁུངས་བསྡུ་སྒྲིལ་བྱས་ནས་ཆེད་ལས་ནགས་བཟོའི་འགག་སྒྲོལ་དཔུང་ཁག་བཙུགས་ཏེ། ས་དོང་འདྲུ་བ་དང་། ས་རྒྱུ་སྤོ་བ། ལྕང་མ་འདེབས་པ། ཆུ་གཏོང་བ་སོགས་ལྷུ་ཚིགས་ཁག་གི་ལག་རྩལ་མཛུབ་ཁྲིད་དང་ལྟ་སྐུལ་ཞིབ་བཤེར་ལ་རྒྱུན་རྣམ་ཅན་གྱི་སྒོ་ནས་ཤུགས་སྣོན་བརྒྱབ་པ་དང་ཆབས་ཅིག“སྲིད་གཞུང་གིས་གཙོ་ཁྲིད་དང་། ཁེ་ལས་ཞུགས་པ། ཞིང་འབྲོག་པས་གླ་པ་རྒྱུག་པ”བཅས་ཀྱི་བྱེད་སྟངས་གསར་གཏོད་བྱས་ནས་མང་ཚོགས་དེ་བས་མང་བར་སྔོ་ལྗང་འདེབས་འཛུགས་དང་སྲུང་སྐྱོང་ཁྲོད་ནས་སྐྱེ་ཁམས་ཀྱི་ཁེ་འབབ་རག་པར་བྱས་པ་རེད།
ཆུ་རྒྱག་པ་ནི་ལྗོན་ཤིང་སྐྱེ་འཚར་ཡོང་བའི་གནད་འགག་གལ་ཆེན་ཞིག་ཡིན། རི་ལྡེབས་སུ་ཆུ་འདྲེན་ཐུབ་ཆེད། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་ལེ་ལག་ཚང་བའི་རྣམ་གྲངས་འཛུགས་སྐྲུན་ནང་ཞུགས་པའི་ཨར་ལས་ཚན་པས་ས་བབ་སྨི་4000ཙམ་གྱི་རི་ལྡེབས་སུ་ཆུ་གསོག་རྫིང་བུ་བསྐྲུན་པ་དང་མཐོ་ས་ནས་དམའ་སར་ཆུ་དྲངས་ཏེ་སྡོང་ཕྲུག་ལ་ཆུ་བརྒྱབ་པས། ཆུ་རྒྱག་པའི་དཀའ་གནད་བདེ་བླག་ངང་སེལ་ཐུབ་ཡོད།
མི་མེད་གནམ་གྲུས་ས་དང་སྡོང་ཕྲུག་དབོར་བ་ནི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་གཉེར་སྐྱོང་བྱེད་སྟངས་གསར་པ་ཞིག་རེད། ལྷ་ས་གྲངས་འཛིན་དཔལ་འབྱོར་ཐོན་ལས(ཚོགས་པ)ཚད་ཡོད་ཀུང་སིའི་འབྲེལ་ཡོད་འགན་འཁུར་བས། “མི་མེད་གནམ་གྲུས་དབོར་ཐེངས་གཅིག་ལ་སྡོང་རྐང་6ནས་8བར་དབོར་ཐུབ་པ་དང་ཕར་ཚུར་སྐར་མ་6ལས་འགོར་གྱི་མེད་པས། བདེ་འཇགས་ལྡན་ལ་དུས་ཚོད་དང་ངལ་ནུས་གཉིས་ཀར་གྲོན་ཆུང་ཐུབ་ཀྱི་འདུག”ཅེས་བརྗོད།
འཐབ་ས་དང་པོར་ལས་ཀ་བྱེད་མཁན་ཚོར་ཚན་རྩལ་ལས་བྱུང་བའི་འགྱུར་ལྡོག་ཟབ་མོ་ཚོར་ཡོད། གོང་དཀར་རྫོང་བྱང་ཐང་གྲོང་རྡལ་བྱང་ཐང་གྲོང་ཚོའི་ཡུལ་མི་བུ་ཆུང་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་སྐྱིད་ནགས་ཡུག་ཁུལ་དུ་ལས་ཀ་བྱས་ནས་ལོ་3སོང་ཞིང་། ཁོང་གིས་ཤིང་འཛུགས་ཀྱི་ཐོག་མའི་དུས་སུ་འཕྲད་པའི་དཀའ་ངལ་ཕྱིར་དྲན་བྱེད་བཞིན་དུ“ཐེངས་ཤིག་སྡོང་རྐང་3ཁུར་ནས་རི་གང་འཚམ་ཞིག་འཛེགས་ཚར་མཚམས་སུ་བྱེ་མར་འདྲེད་བརྡབ་ཤོར་བྱུང་། ད་ཆ་ནགས་བཟོའི་ཡུག་ཁུལ་ཚང་མར་མི་མེད་གནམ་གྲུས་སྡོང་རྐང་དབོར་བཞིན་ཡོད་པས་དཀའ་ལས་དེ་འདྲ་རྒྱག་དགོས་མེད”ཅེས་བརྗོད།
སྐྱེ་ཁམས་དམངས་ཕན་ལག་ལེན་བསྟར་བས་སྔོ་ལྗང་མང་དུ་དང་འཕེལ་རྒྱས་གཉིས་ཀ་བྱུང་བ།
“སྔོན་མ་འདི་གར་ལྗོན་ཤིང་རྐང་གཅིག་ཀྱང་མཐོང་རྒྱུ་མེད་པས་སྐྱ་ཐེར་ཐེར་རེད། ལྷགས་པ་རྒྱག་སྐབས་ངོ་གདོང་བྱེ་རྡུལ་གྱིས་འཚོས་ཀྱི་ཡོད། ཟླ་བ་ལྔ་རིང་དཀའ་བ་སྤྱད་པས་ད་ཆ་གང་སར་སྔོ་ཐིང་ཐིང་ཆགས་ཡོད་ལ། མཁའ་རླུང་ཡང་ལེགས་སུ་ཕྱིན་པ་དང་ཆབས་ཅིག ང་ཚོའི་འཚོ་བའི་སྤུས་ཚད་ཀྱང་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད”ཅེས་བསོད་ནམས་ཀྱིས་སྔོ་ཐིང་ཐིང་གི་རི་ལྡེབས་སུ་ལངས་ནས་སྤོབས་པ་དང་བཅས་ཏེ་དེ་ལྟར་བརྗོད།
བསོད་ནམས་ནི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་གོང་དཀར་དུམ་བུའི་ནགས་བཟོའི་སྔོན་བཟོ་རྗེས་གསབ་ལས་གྲྭའི་ཡུག་ཁུལ་11པའི་ནགས་བཟོ་བ་ཞིག་རེད། “ལག་རྩལ་པས་ང་ཚོར་ལྗོན་ཤིང་འདེབས་པ་ནི་བུ་ཕྲུག་སྐྱོང་བ་དང་འདྲ་བར་སེམས་ནུས་གང་ཡོད་བཏོན་ཚེ་གཞི་ནས་འབྲས་བུ་བཟང་པོ་ཐོབ་ཀྱི་རེད་ཅེས་གསུངས་བྱུང”ཞེས་བསོད་ནམས་ཀྱིས་འཛུམ་དམུལ་དམུལ་ངང་བརྗོད་པ་དང་། ཁོང་གིས། ད་ཆ་ངས་ས་མཐོར་ལྗོན་ཤིང་འདེབས་པའི་ལག་རྩལ་ཤེས་པ་མ་ཟད། རང་ཁྱིམ་གྱི་སྒོ་རྩར་ཡང་ལས་ཞུགས་ཐུབ་ནས་ཕྲུ་གུ་སློབ་གྲྭར་སྐྱེལ་བསུ་བྱེད་པ་དང་རྒན་རྒོན་ལ་ལྟ་རྟོག་དང་ནོར་ལུག་ལ་གཡོག་བྱེད་པ་ཚང་མར་འཐུས་ཤོར་འགྲོ་གི་མི་འདུག ནང་མི་ཚང་མས་ངའི་ལས་ཀ་འདིར་རྒྱབ་སྐྱོར་ཆེན་པོ་བྱེད་ཀྱི་འདུག་ཅེས་བརྗོད།
རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག སྐྱེ་ཁམས་ལེགས་སུ་ཕྱིན་པ་ལས་དམངས་འཚོའི་བདེ་རྩ་ཡང་རྒྱུན་མཐུད་ཆེ་རུ་འགྲོ་བཞིན་ཡོད། བྱང་རིའི་ནགས་བཟོའི་ཁུལ་དུ་གཡོག་བྱེད་བྱེད་མཁན་ཚེ་རིང་དཔའ་སྐྱིད་ཀྱིས་སྡོང་ཕྲུག་ལ་ཆུ་རྒྱག་བཞིན་ཡོད་ཅིང་། ཁོང་གིས“རང་ཁྱིམ་གྱི་སྒོ་རྩར་ལས་ཀ་བྱས་པར་ཉིན་གླ་སྒོར་200ལྷག་ཙམ་འདུག མ་ཟད་ཕ་ཡུལ་སྔོ་ལྗང་ཅན་དུ་འགྱུར་བ་མཐོང་སྐབས་སེམས་པ་ཧ་ཅང་སྐྱིད་པོ་འདུག”ཅེས་འཛུམ་དམུལ་དམུལ་ངང་བརྗོད།
བསྡོམས་རྩིས་བརྒྱབ་པར་གཞིགས་ན། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭས་རིམ་རྩིས་བརྒྱབ་ན་ངལ་ནུས་མི་ཐེངས་ཁྲི་1000ལྷག་ཙམ་སྤྱད་པ་དང་། འཕྲུལ་ཆས་བོགས་གཏོང་དང་ངལ་ནུས་མི་སྤྱོད་སོགས་ལ་བརྟེན་ནས་མང་ཚོགས་ལ་འབབ་འཕར་སྒོར་དུང་ཕྱུར་33ལྷག་ཙམ་ཡོང་བར་སྐུལ་ཁྲིད་བྱས་ཡོད་པ་རེད།
འབྱུང་འགྱུར་བོད་ཀྱིས་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་ཚད་གཞིར་བྱས་ནས་སྐྱེ་ཁམས་ཀྱི་རྨང་གཞི་མུ་མཐུད་བརྟན་དུ་བཏང་སྟེ། རི་སྔོན་ཆུ་དྭངས་འདི་ཉིད་གངས་ལྗོངས་ས་མཐོ་རྒྱུན་མཐུད་འཕེལ་རྒྱས་འགྲོ་བའི་དགེ་མཚན་ཆེ་ཤོས་ཤིག་ཏུ་གྱུར་བ་དང་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་སའི་དར་ཆ་དེ་གངས་ལྗོངས་ཀྱི་ཡང་རྩེར་ལྷབ་ལྷུབ་ཏུ་གཡོ་ཐུབ་པ་བྱ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།