“པར་བརྒྱབ་ནས་གཱ་ཐོ་འགོད་པ”ནས“དབྱིངས་ཞུགས་རྣམ་པའི་ཉམས་ལེན”བར།
བོད་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་སྒུལ་ནུས་ཆེ་རུ་ཕྱིན་པ།
ཟླ་བ་5པའི་ལྷ་སར་ཉི་འོད་རབ་ཏུ་འཚེར་ཞིང་། གཙུག་ལག་ཁང་གི་སྒོ་འགྲམ་དུ་ལོ་50ལྷག་ཙམ་ལ་སླེབས་པའི་སྐུ་ཞབས་ཁྲེན་ལགས་ཀྱིས་གད་མོ་འཚེར་འཚེར་གྱིས་འཁྲིས་སུ་པར་རྒྱག་བཞིན་པའི་ནང་མིར་ལྟ་བཞིན་ཡོད། ཁོང་ཚོ་ནང་མི་གསུམ་པོས་ཚོན་མདངས་བཀྲ་བའི་ཕ་བུའི་གྱོན་ཆས་གྱོན་པས་བར་སྐོར་ཁྲོམ་གཞུང་གི་མི་ཚོགས་ཁྲོད་མངོན་གསལ་ཤིན་ཏུ་དོད། ཧྲེན་ཀྲེན་ནས་གནམ་གྲུར་བསྡད་དེ་ཐད་ཀར་ལྷ་སར་ཡོང་བ་དང་གཟུགས་པོ་མི་བདེ་བ་མེད་པར་ཉིན་དེ་རང་ལ་གྲོང་ཁྱེར་སྐོར་འགོ་ཚུགས། “ཡུན་ནན་དང་སི་ཁྲོན་གྱི་ས་བབ་མཐོ་བའི་ས་ཆ་ཚང་མར་ང་ཚོ་འགྲོ་མྱོང་ཡོད། ད་རེས་བོད་དུ་ཡོང་ཐེངས་དང་པོ་ཡིན། མིག་སྔར་ཚོར་སྣང་ཡག་པོ་འདུག”ཅེས་སྐུ་ཞབས་ཁྲེན་ལགས་ཀྱིས་བག་ཕེབས་ངང་གསར་འགོད་པར་བརྗོད།
འགྲམ་དུ་ལངས་ནས་བསྡད་པའི་སྐུ་ཞབས་ཁྲེན་ལགས་ཀྱི་བུ་ཁྲེན་ཁུན་ཧུང་མདུན་གྱི་བོད་ལུགས་ལག་ཤེས་བཟོ་རྩལ་ཐོན་རྫས་དང་སྲོལ་རྒྱུན་བཟོ་སྐྲུན་ལ་ཡིད་དབང་རབ་ཏུ་འཕྲོག་སྟེ་མིག་ཟུང་ནས་ཡ་མཚན་གྱི་རྣམ་པ་ཞིག་མངོན། བོད་ལ་ཐེངས་དང་པོ་ཡོང་བར་བག་ཆགས་གང་ཞིག་བྱུང་བའི་སྐོར་གླེང་སྐབས་ཁྲེན་ཁུན་ཧུང་གིས“བོད་ནི་སྐྱེ་སྟོབས་ཀྱི་དཔལ་འབར་བ་ཞིག་འདུག”ཅེས་བརྗོད། ཁོང་གིས་གསར་འགོད་པར“དེ་གར་གསོན་ཤུགས་རྒྱས་པ་དང་། ནམ་མཁའ་གཡའ་དག་པ། མི་རྣམས་ལྷག་བསམ་ལྡན་པ་བཅས་འདུག་པས། ཡོད་ཚད་སྐྱེ་སྟོབས་ཀྱིས་ཁེངས་པའི་ཚོར་སྣང་ཞིག་བྱུང”ཞེས་བརྗོད།
“ལྔ་གཅིག”གུང་གསེང་དང་བསྟུན་ནས་བོད་ཀྱི་རིག་གནས་ཡུལ་སྐོར་ཁྲོམ་རས་དབྱར་ཁ་ཤར་མ་ཐག་གི་འགྲུལ་པ་མང་ཤོས་ཀྱི་དུས་ཚོད་ཐོག་མ་དེ་བསུས། གྲངས་གཞི་ལས་མངོན་པར། ས་མཐོའི་ལྕགས་ལམ་གྱི“ལྔ་གཅིག”གུང་གསེང་རིང་གི་སྐྱེལ་འདྲེན་ཟླ་4ཚེས་29ཉིན་ཕྱོགས་ཡོངས་ནས་འགོ་ཚུགས་པ་དང་། སྔོན་དཔག་བྱས་ན་འགྲུལ་པ་མི་ཐེངས་ཁྲི་58སྐྱེལ་འདྲེན་བྱ་རྒྱུ་ཡིན་པ་དེ་དུས་མཚུངས་ལས་1.82%འཕར་རྒྱུ་ཡིན་པ་རེད།
ལོ་26ལ་སླེབས་པའི་ལས་ཀར་འགྲོ་མཁན་ཞའོ་ཝང་གི་ངོས་ནས་བརྗོད་ན། ད་རེས་བོད་དུ་ཡུལ་སྐོར་ལ་འགྲོ་རྒྱུར་འཆར་འགོད་ཡུན་རིང་བྱས་ཡོད། ཟླ་བ་ཁ་ཤས་ཀྱི་གོང་ནས་ཕོ་བྲང་པོ་ཏ་ལ་དང་། ཡར་འབྲོག་གཡུ་མཚོ། གནམ་མཚོ། ཁ་རོ་ལ་འཁྱགས་རོམ་བཅས་སྐོར་གྱི་བརྙན་ཐུང་ཁོང་གི་ལག་ཐོགས་ཁ་པར་ནས་ཡང་ཡང་བལྟས། ནམ་གུང་བར་ལས་དུས་འཕར་མ་བྱེད་པ་དང་ཉིན་དགུང་ངལ་གསོའི་བར་གསེང་གང་ཞིག་ཡིན་རུང་སེམས་ནང“ག་དུས་དེ་དག་དངོས་སུ་མཐོང་ངམ”སྙམ་པའི་བསམ་ཚུལ་སྔར་བས་ཆེ་རུ་ཕྱིན། “ལྔ་གཅིག”གུང་གསེང་འཆར་ལ་ཉེ་བའི་སྐབས་སུ། ཁོང་གིས་སེམས་ཐག་ཆོད་པོས་ཀུང་སིར་ཉིན་འགའ་དགོངས་པ་ཞུས་པ་དང་། དུས་ཆེན་དང་གུང་གསེང་གི་ངལ་གསོ་བསྡོམས་ཉིན་བཅུ་ལྷག་ཙམ་གྱི་དུས་ཚོད་སྤྱད་དེ་ཀོང་ཀྲོའུ་ནས་ཀྲེང་ཀྲོའུ་ལ་ཐད་ཀར་བསྐྱོད་པ་དང་དེ་ནས་ལྷ་སར་སྐྱོད་པའི་མེ་འཁོར་ལ་བསྡད། “དེ་སྔ་ནས་བོད་དུ་ཡོང་འདོད་ཆེན་པོ་བྱུང་། ད་རེས‘ལྔ་གཅིག’གུང་གསེང་གི་དུས་ཚོད་ཅུང་རིང་བ་ཡོད་པ་དང་། དེའི་སྟེང་ཉིན་གཉིས་གསུམ་དགོངས་པ་ཞུས་ནས་ཡུལ་སྐོར་ལྷོད་ལྷོད་ཅིག་བྱེད་པར་ཡོང་བ་ཡིན”ཞེས་ཞའོ་ཝང་གི་སྐད་ཆའི་ནང་དགའ་ཚོར་དང་རེ་སྒུག་གི་རྣམ་པ་ཞིག་ངང་གིས་མངོན།
མི་ཚོགས་ཀྱིས་ཁེངས་པའི་བར་སྐོར་ཁྲོམ་གཞུང་དུ་གསར་འགོད་པས་ཐང་གའི་ཚོང་ཁང་ཞིག་གི་མདུན་དུ་བསྡད་ཡོད་པའི་ཝེ་ཐེ་ནམ་གྱི་ཡུལ་སྐོར་བ་གཉིས་ལ་དོ་སྣང་ཆེན་པོ་བྱུང་། ཝེ་ཐེ་ནམ་ནས་ཡོང་བའི་ཨ་ཅག་Huongནི་ལོ་གསུམ་བསྟུད་མར་བོད་དུ་ཡོང་མཁན་གྱི“ཡུལ་སྐོར་དབྱིངས་པ”ཞིག་རེད། ད་ཐེངས་ཁོང་གིས་ཆེད་མངགས་རང་ཉིད་ཀྱི་མཐོ་འབྲིང་སྐབས་ཀྱི་གྲོགས་མོ་Huyenའཁྲིད་དེ་མཉམ་དུ་ས་མཐོར་ཡོང་། “ངས་བོད་ལྗོངས་ནི་ཅི་འདྲའི་མཛེས་སྡུག་ལྡན་པ་ཞིག་ཡིན་པ་ཁོང་ལ་བཤད་ནས་ད་རེས་ཁོང་འཁྲིད་ཡོང་བ་ཡིན། ཁོང་གིས་ད་རེས་བསམ་འདུན་གྲུབ་སོང་ཟེར་གྱི་འདུག”ཅེས་ཨ་ཅག་Huongགིས་གསར་འགོད་པར་བརྗོད། ཁོང་ཚོ་ད་རེས་གཙོ་བོ་མངའ་རིས་ལ་འགྲོ་རྩིས་ཡོད་པ་རེད“གནམ་གྲུ་བབས་རྗེས་ནུབ་ཁའི་ཉི་མ་གངས་རིན་པོ་ཆེར་འཕྲོ་བ་དང་སྐབས་འཁེལ་ཞིང་། སྐབས་དེ་དུས་ཀྱི་མྱོང་ཚོར་ནི་དངོས་གནས་སྐད་ཆའི་ཐོག་ནས་མཚོན་ཐབས་དཀའ་བ་ཞིག་རེད”ཅེས་ཨ་ཅག་Huongགིས་འཛུམ་དམུལ་དམུལ་ངང་བརྗོད། ཝེ་ཐེ་ནམ་གྱི་ཡུལ་སྐོར་བ་གཉིས་ཀྱི་ངོས་ནས་བརྗོད་ན་བོད་ཀྱི་ཡོད་དོ་ཅོག་ནི་དེ་འདྲའི་ངོ་མཚར་ཆེ་བ་ཞིག་རེད་ཨང་། “ང་ཚོས་དེ་སྔོན་གངས་མཐོང་མྱོང་མེད། བོད་ཀྱི་གངས་རི་དང་འཁྱགས་རོམ་ནི་མཛེས་ཤིང་ལྟ་ན་སྡུག་པས། ད་རེས་བློ་ཡིད་ཚིམས་པ་ཞིག་ལྟ་གི་ཡིན”ཞེས་ཨ་ཅག་Huongགིས་མྱོང་ཚོར་ཟབ་མོས་བརྗོད་པ་དང་ཁོང་གིས་བོད་ཀྱི་ཁང་པ་དང་། ལྡེབས་རིས། རོལ་དབྱངས་བཅས་ནི་ཧ་ཅང་དམིགས་བསལ་ཆེ་བ་དང་། ཁྲོམ་གཞུང་དུ་མི་རིགས་ཀྱི་སྲོལ་རྒྱུན་རྒྱན་གོས་གྱོན་པའི་མི་མཐོང་སྐབས་རང་དབང་མེད་པར་འགྲོ་མཚམས་བཞག་སྟེ་ལག་ཐོགས་ཁ་པར་བཏོན་ནས་པར་ཡང་སེ་རྒྱག་དགོས་འཁེལ་གྱི་འདུག”ཅེས་བརྗོད།
ཞའོ་ཝང་དང་འདྲ་བའི་ན་གཞོན་དེ་འདྲ་གང་སར་མཐོང་རྒྱུ་ཡོད་ལ། ཨ་ཅག་Huongདང་འདྲ་བར་ཕྱི་རྒྱལ་གྱི“སླར་ཡང་ཡུལ་སྐོར་དུ་ཡོང་མཁན”ཇེ་མང་དུ་འགྲོ་བཞིན་ཡོད། ཁོང་ཚོས་བྲེལ་འཚུབ་ཆེ་བའི་ཡུལ་སྐོར་ཡུད་ཙམ་བྱེད་པ་ཁོ་ནར་ཡིད་ཚིམས་ཏེ་མ་བསྡད་པར་ལྷོད་ལྷོད་ཀྱི་མྱོང་རོལ་དེ་བས་ཀྱང་བྱེད་འདོད་བྱེད་ཀྱི་ཡོད། བོད་ཀྱིས་ཀྱང་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ལ་བརྟེན་ནས་དེ་བས་སྒོ་དབྱེའི་ཉམས་སྣང་དང་། དེ་བས་སེམས་རྩ་འཁོལ་བའི་ཞབས་ཞུ། དེ་བས་དར་རྒྱས་ཆེ་བའི་ལས་རྣམ་བཅས་ལ་བརྟེན་ནས་ཕྱོགས་བཞིའི་སྐུ་མགྲོན་བསུ་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།