དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • མངའ་རིས་ས་ཁུལ་མཚོ་ཆེན་སྤྱི་བདེས།

    རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་གསའ་ཞིག་བསྐྱབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-04

    ཉེ་ཆར། མངའ་རིས་ས་ཁུལ་མཚོ་ཆེན་རྫོང་སྤྱི་བདེ་ཅུས་ཟླ་གཞུང་ཤང་མངགས་གཏོང་ཁང་གིས་ཐག་པས་འཁྲིལ་བའི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་གསའ་ཞིག་བསྐྱབས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་སྐྱེ་ཁམས་སྲུང་སྐྱོང་གི་འགན་འཁྲི་ལག་ལེན་བསྟར་ཏེ་ས་མཐོའི་སྐྱེ་དངོས་ཀྱི་བདེ་འཇགས་བསྲུངས་པ་རེད།

    གནས་ཚུལ་ཐོན་པའི་ཉིན་དེའི་ཆུ་ཚོད་21ཙམ་ལ་ཟླ་གཞུང་ཤང་མངགས་གཏོང་ཁང་ལ་མང་ཚོགས་ཀྱི་ཉེན་བརྡ་འབྱོར་ནས་ཕྱི་རོལ་དུ་གསའ་ཞིག་གི་སྐེ་ཐག་པས་དམ་པོར་འཁྲིལ་ཏེ་གཟུགས་པོ་སྐྱོ་ལ་འགུལ་སྐྱོད་ཀྱང་བྱེད་མི་ཐུབ་པས་གནས་ཚུལ་ཛ་དྲག་པོ་འདུག་ཅེས་བཤད། ཉེན་བརྡ་འབྱོར་རྗེས་མངགས་གཏོང་ཁང་གིས་འཕྲལ་མར་ཉེན་རྟོག་པ་སྒྲིག་འཛུགས་བྱས་ཏེ་འགོག་སྲུང་སྒྲིག་ཆས་དང་རོགས་སྐྱོབ་ཡོ་བྱད་ཁྱེར་ནས་ས་གནས་ས་ཐོག་ཏུ་བསྐྱོད་པ་དང་ཆབས་ཅིག རི་སྐྱེས་སྲོག་ཆགས་སྲུང་སྐྱོང་སྡེ་ཚན་དང་འབྲེལ་བ་བྱས་ཏེ་ས་གནས་ས་ཐོག་གི་གནས་ཚུལ་བརྡ་ཁྱབ་བཏང་བ་དང་འབྲེལ་ཆེད་ལས་རོགས་སྐྱོབ་རེ་ཞུ་བྱས་པ་རེད།

    རོགས་སྐྱོབ་མི་དམངས་ཉེན་རྟོག་པ་ས་གནས་ས་ཐོག་ཏུ་འབྱོར་སྐབས། གསའ་ཡི་སྐེ་ཐག་པས་དམ་པོར་འཁྲིལ་བ་མ་ཟད། པགས་པའི་ནང་ཐག་པ་ཟུག་ཡོད་པ་རེད། གསའ་དེས་འཕག་འཚག་བརྒྱབ་དྲགས་པའི་རྐྱེན་གྱིས་དབུགས་ལྷེམ་མེར་བསྡད་ཡོད་པ་རེད། གལ་ཏེ་དུས་ཐོག་ཏུ་སྐྱོབ་ཐབས་མ་བྱས་ན་ཚེ་སྲོག་ལ་ཉེན་ཁ་འཕྲད་སྲིད་པས། གསའ་ལ་གནོད་འཚེ་ཐེངས་གཉིས་པ་མི་ཕོག་པ་བྱ་ཆེད། མི་དམངས་ཉེན་རྟོག་པས་ཉེན་ཟོན་ས་ཁོངས་དབྱེ་ནས་དེ་གར་སླེབས་པའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཆེད་ལས་མི་སྣར་གཞོགས་འདེགས་བྱས་ཏེ། གསའ་དེ་ལྷོད་ལ་བབས་སུ་བཅུག་སྟེ། གསའ་ཡི་སྐེ་ལ་འཁྲིལ་བའི་ཐག་པ་གཟབ་ནན་ངང་ལྷུག་ཏུ་བཏང་བ་དང་། བརྒྱུད་རིམ་ཧྲིལ་པོར་གསའ་ལ་ཕོག་ཐུག་དང་གནོད་འཚེ་ཐེངས་གཉིས་པ་མི་ཕོག་པ་བྱས་ཡོད། ཆུ་ཚོད་ཕྱེད་ཀ་ལྷག་ཙམ་གྱི་ཛ་དྲག་རོགས་སྐྱོབ་བྱས་པ་བརྒྱུད། གསའ་ཡི་སྐེ་ལ་འཁྲིལ་བའི་ཐག་པ་བདེ་བླག་ངང་བཀྲོལ་བ་རེད། མི་དམངས་ཉེན་རྟོག་པ་དང་ཆེད་ལས་རོགས་སྐྱོབ་མི་སྣས་ས་གནས་ས་ཐོག་ཏུ་གསའ་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་ཏེ་རྨས་སྐྱོན་ཚབས་ཆེན་ཕོག་མེད་པ་དང་གཟུགས་པོའི་གནས་ཚུལ་སྣང་དག་མེད་པ་གཏན་འཁེལ་བྱས་རྗེས། རི་སྐྱེས་སྲོག་ཆགས་སྲུང་སྐྱོང་སྡེ་ཚན་གྱི་ཆེད་ལས་མི་སྣར་སྔར་བས་ཞིབ་བཤེར་དང་། སྨན་བཅོས་བྱེད་པར་རྩིས་སྤྲད་ནས་གསའ་དེ་སྔ་ཙམ་རང་བྱུང་ཁམས་སུ་ལོག་ཐུབ་པའི་འགན་ལེན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།