བོད་ལྗོངས་སྤོ་བོ་རྫོང་གིས་ཁམ་བུའི་མེ་ཏོག་ལ་བརྟེན་ནས་འཕེལ་རྒྱས་ལ་རམ་འདེགས་བྱས་པ།
ཉེ་བའི་ལོ་ཤས་རིང་། སྤོ་བོ་རྫོང་གིས་མེ་ཏོག་ལ་ལྟ་བའི་དུས་ཆེན་གྱི་སྲོལ་རྒྱུན་རྣམ་པ་ཁོ་ན་མིན་པར་ཁམ་བུའི་མེ་ཏོག་མཚམས་སྦྱོར་དུ་བྱས་ཏེ་ཁམ་བུའི་མེ་ཏོག་དུས་ཆེན་དེ་ཁུལ་ཡོངས་ཀྱི་འཕེལ་རྒྱས་དང་རྫོང་ཁོངས་ཀྱི་དཔལ་འབྱོར་ལ་སྐུལ་འདེད་གཏོང་བའི་ཕྱོགས་བསྡུས་རང་བཞིན་གྱི་ལས་སྟེགས་ཤིག་ཏུ་བཏོད་ཅིང་། རིག་གནས་ཡུལ་སྐོར་མཉམ་འདྲེས་དང་། ཐོན་ལས་རིམ་སྤོར། དམངས་ཕྱུག་འབབ་འཕར་བཅས་ཀྱི་ཐད་གནད་སྨིན་ཤུགས་འདོན་གྱིས“ཁམ་བུའི་མེ་ཏོག་གི་མཛེས་ལྗོངས”ལ་བརྟེན་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་རམ་འདེགས་སུ་གྱུར་ཏེ་སྐྱེ་ཁམས་མཛེས་པ་དང་། ཐོན་ལས་དར་བ། དམངས་འཚོ་བདེ་སྐྱིད་བཅས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་ཞིག་བཏོད་ཡོད་པ་རེད།
རིག་གནས་ཡུལ་སྐོར་གྱི་འགྲན་ལམ་གསར་པ།
སྤོ་བོ་རྫོང་རིག་གནས་དང་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་དོན་གྲུབ་རྡོ་རྗེས། ད་ལོ་སྤོ་བོ་རྫོང་གིས་ཡུལ་སྐོར་པར་ལེན་གྱི་གཱ་ཐོ་འགོད་པ་དང་། རོལ་དབྱངས་ཐད་གཏོང་། རང་བྱུང་ཚན་རིག་ཁྱབ་གདལ་དང་ཞིབ་སློབ་སོགས་ཀྱི་ཁྱད་ལྡན་བྱེད་སྒོ་ཁག་25སྤེལ་ནས། ཡུལ་སྐོར་བའི་འགྲུལ་བཞུད་དེ་མེ་ཏོག་ལ་བལྟ་བ་དང་པར་རྒྱག་པ་ཙམ་མིན་པར་དབྱིངས་ཞུགས་རྣམ་པའི་རིག་གནས་ཉམས་ལེན་ལ་གྱུར་ཡོད་ཅེས་བཤད།
ལོ་73ལ་སླེབས་པའི་ལི་ཏུང་མིང་ལོ་20ཡི་རིང་བོད་ལ་ཐེངས་5ཡོང་མྱོང་ཞིང་། ད་ཐེངས་སྤོ་བོར་ཡོང་བ་དེ་རིག་གནས་ཡུལ་སྐོར་གྱི་བྱེད་སྒོ་ཕུན་སུམ་ཚོགས་པོ་ཡོད་པས་དུས་ཐུང་ཡུལ་སྐོར་ནས་ཉིན་གསུམ་གྱི་ཡུལ་སྐོར་དུ་གྱུར།
ད་ཐེངས་སྤོ་བོར་སླེབས་ནས་དཔྱིད་ཀྱི་ཉམས་འགྱུར་མྱོང་ཐུབ་པ་མ་ཟད། ཡུལ་སྲོལ་རིག་གནས་ཀྱང་མྱོང་རོལ་ཐུབ་པས་དངོས་འབྲེལ་ཁ་འབྲལ་འདོད་མེད་པ་ཞིག་འདུག”ཅེས་བཤད།
མངོན་མིན་རིག་གནས་ཤུལ་བཞག་ཡག་པོ་སྤྱོད་རྒྱུ་ནི་སྤོ་བོའི་རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱི་འགག་རྩ་ཞིག་རེད། ས་གནས་དེ་གས་ཁམ་བུའི་མེ་ཏོག་ཚོང་འདུས་སུ་སྤོས་བཟོ་བ་དང་ཁམ་བུའི་མེ་ཏོག་གི་བརྗོད་དོན་གཙོ་བོའི་བཀབ་དཔར་སོགས་ཉམས་ལེན་ལས་སྟེགས་བཙུགས་ནས་ཡུལ་སྐོར་བ་ལྟ་མཁན་ནས་དེའི་ནང་ཞུགས་མཁན་དུ་གྱུར་ཡོད།
སྤོ་བོ་རྫོང་གི་རྫོང་དཔོན་གཞོན་པ་ཐའོ་ཆི་ཝུན་གྱིས་ས་གནས་དེ་གས“དཔྱིད་དུས་མེ་ཏོག་དང་འཁྱཌ་རོམ་ལ་ལྟ་བ་ཟུང་འབྲེལ་དང་། དབྱར་དུས་གཡེང་འགྲུལ་དང་རྐང་ཐང་དུ་བསྐྱོད་པ་ཟུང་འབྲེལ། སྟོན་དུས་ཚོན་མདོག་སྣ་མང་གི་ནགས་ཚལ་དང་པར་རྒྱག་ཟུང་འབྲེལ། དགུན་དུས་ཆུ་ཚན་དང་སྐར་ཚོགས་ལ་ལྟ་བ་ཟུང་འབྲེལ”གྱི་དུས་བཞིའི་རིག་གནས་ཡུལ་སྐོར་ཀྱི་ཐོན་རྫས་བཏོད་ནས་སྤོ་བོ་དེ་ཉིད“དཔྱིད་དུས་ཡུལ་སྐོར་བྱ་ཡུལ”ནས“ལོ་ཧྲིལ་པོའི་ཡུལ་སྐོར་བྱ་ཡུལ”དུ་བསྒྱུར་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད།
ཐོན་ལས་ལ་འབྲས་བཟང་སྨིན་པ།
ཁམ་བུའི་མེ་ཏོག་དེ་སྤོ་བོའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་ལྟེ་བར་གྱུར་ཅིང་། སྤོ་བོ་རྫོང་ཞིང་ལས་གྲོང་གསེབ་དང་ཚན་རྩལ་ཆུ་བེད་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་ལྷག་པས་ས་གནས་དེ་གས་རི་སྐྱེས་ཁམ་སྡོང་གི་ཐོན་ཁུངས་དེ“མྱོང་རོལ་རིན་ཐང”ནས“དཔལ་འབྱོར་རིན་ཐང”དུ་བསྒྱུར་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་ཞིང་འབྲོག་མང་ཚོགས་ཚོས་ཞིང་ལས་དང་། རིག་གནས། ཡུལ་སྐོར་བཅས་འཕེལ་རྒྱས་ཀྱི་ཁེ་ཕན་མཉམ་སྤྱོད་ཐུབ་པར་བྱས་ཡོད། དེ་དང་ཆབས་ཅིག་ཀོང་ཀྲོའུ་ཡི་བོད་སྐྱོར་ལག་རྩལ་དང་ཐོན་ཁུངས། དེ་བཞིན་ཁྲོམ་རའི་ཐབས་ལ་བརྟེན་ནས་སྤོ་བོའི“ཁྱད་ལྡན་ཡུལ་ཟོག”མཚོ་ཁུག་ཆེན་པོར་ཁྱབ་གདལ་བཏང་ཡོད་ཅེས་བཤད།
“སྔོན་ཆད་ཁམ་བུའི་མེ་ཏོག་ཟགས་རྗེས་ཁམ་སྡོང་ལ་གཡོག་བྱེད་ཀྱི་འདུན་པའང་ཆུང་དུ་འགྱུར་བ་ཡིན། ད་ཆ་ཁམ་སྡོང་ནས་ཤིང་འབྲས་སྨིན་པས་ཚང་མས་ལག་རྩལ་སྦྱོང་བ་དང་གཡོག་བྱེད་ཀྱི་ཧུར་སེམས་ཆེ་རུ་ཕྱིན་སོང”ཞེས་ཆུ་མདོ་གྲོང་རྡལ་དཔའ་ཁང་གྲོང་ཚོའི་ཡུལ་མི་སྒྲོལ་མས་བཤད།
འགྱུར་ལྡོག་དེ་ནི་ཀོང་ཏུང་གི་ཞིང་ལས་ཚན་རྩལ་རིགས་གཅིག་མཁས་ཅན་གྱིས་ཁམ་བུ་ལེགས་གཏོང་དང་ཁམ་སྡོང་གི་ཡལ་ག་མཐུད་སྦྱོར་ལག་རྩལ་གསོ་སྦྱོང་བྱས་པ་ལས་བྱུང་བ་ཞིག་རེད། ལྷག་པས“ཀོང་ཏུང་ཞིང་ལས་ཚན་རྩལ་རིགས་གཅིག་མཁས་ཅན་གྱིས་སྤོ་བོའི‘རི་སྐྱེས་ཁམ་བུའི་མེ་ཏོག’ལ་གསོན་ཤུགས་གསར་པ་བསྣན་ཡོད”ཅེས་བཤད། གྲང་འགོག་ཁམ་བུ་དང་མེ་ཏོག་བཞད་ཡུན་རིང་བའི་ཁྱད་ལྡན་ཁམ་སྡོང་ནང་འདྲེན་བྱས་པར“ཁམ་སྡོང་གི་རིགས་སྒྱུར་བ་དང་། མེ་ཏོག་བཞད་ཡུན་རིང་དུ་འགྲོ་བ། ཕན་འབྲས་ཆེ་རུ་འགྲོ་བ”བཅས་བྱུང་སྟེ། རི་སྐྱེས་ཁམ་སྡོང་གླིང་དེ“དུས་ཚིགས་གཅིག་གི་མཛེས་ལྗོངས”ནས་དཔྱིད་ཀར་མེ་ཏོག་ལ་ལྟ་བ་དང་། དབྱར་སྟོན་ཁམ་བུ་འཚོང་བ། ལོ་ཧྲིལ་པོར་འབབ་འཕར་ཡོང་བ་བཅས་ཀྱི་ལྗང་མདོག་ཐོན་ལས་སུ་གྱུར་ནས་ཁམ་སྡོང་དེ་ཞིང་འབྲོག་པའི“བདེ་སྐྱིད་སྡོང་པོར”གྱུར་ཡོད།
ཞིང་ལས་རིག་གནས་ཡུལ་སྐོར་མཉམ་འདྲེས་ལ་སྐུལ་འདེད་གཏིང་ཟབ་བཏང་བར་བརྟེན་ཞིང་ནང་མུ་ཁ་ཡུལ་སྐོར་བྱ་ཡུལ་དུ་གྱུར་པ་མ་ཟད། ཞིང་འབྲོག་པ་རིག་གནས་ཡུལ་སྐོར་འཕེལ་རྒྱས་ནང་ཞུགས་མཁན་དང་ཕན་པ་ཐོབ་མཁན་དུ་གྱུར་ཡོད། ད་ལོ། སྤོ་བོ་རྫོང་གིས་གཉའ་གཅོག་མཛད་སྒོ་དེ་ས་མཐོའི་སོ་ནམ་རིག་གནས་ཉམས་ལེན་བྱེད་སྒོར་བསྒྱུར་བ་དང་ཞིང་འབྲོག་པས་མཛུབ་ཁྲིད་དགེ་རྒན་གྱི་འགན་ཁུར་བས་ཡོང་འབབ་གསོག་ཐུབ་ལ། གསར་དུ་ལས་གཉེར་བྱེད་འགོ་བརྩམས་པའི་ར་མོ་ཤག་ཆེན་ཨ་རག་བཟོ་གྲྭ་དེ“ལྟ་སྐོར་བཟོ་གྲྭར”ཇུས་འགོད་བྱས་པ་དང་། ཡུལ་སྐོར་བས་ཨ་རག་སྙོལ་སྟངས་ལྟ་ཐུབ་པ་དང་ས་གནས་ས་ཐོག་ཏུ་བྲོ་བ་མྱོང་ཐུབ་པས། འཁོར་འབྲེལ་ཧྲིལ་པོའི་ཁྲོད་ནས་ར་མོ་ཤག་ཆེན་འདེབས་འཛུགས་དུད་ཚང་ལ་འབབ་འཕར་ཐུབ་པར་སྣེ་ཁྲིད་ཐུབ་ཡོད།
ཀོང་ཏུང་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་གཅིག་པའི་སྤོ་བོ་རྫོང་ལས་དོན་ཚོགས་ཆུང་གི་ཙུའུ་ཀྲང་དང་། སྤོ་བོ་རྫོང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། རྒྱུན་ལས་རྫོང་དཔོན་གཞོན་པ་བཅས་ཡིན་པའི་ཧྥན་ཧུང་རུའེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། བོད་སྐྱོར་ལས་དོན་རུ་ཁག་གིས་ད་དུང་ཀོང་ཏུང་སྨན་རྫས་ཚོགས་པ་དང་བོད་ལྗོངས་ཝུའུ་ཧྥུང་ཡོན་ཞིང་འབྲོག་སོགས་ཁེ་ལས་ནང་འདྲེན་བྱས་ཏེ་སྤོ་བོའི་ཁམ་བུའི་མེ་ཏོག་རིམ་སྤེལ་ཐོན་རྫས་དང་། དེ་བཞིན་བོད་ཕག་དང་ར་མོ་ཤག་ཆེན་སོགས་ཁྱད་ལྡན་ཐོན་རྫས་ཐོན་སྐྱེད་ནས་ཕྱིར་ཚོང་བར་གྱི་འཁོར་འབྲེལ་ཧྲིལ་པོ་ཤར་གཏོང་ཐུབ་ནས། ས་མཐོའི་ཐོན་རྫས་སྤུས་དག་མཚོ་ཁུག་ཆེན་པོར་ཐད་ཀར་བཙོངས་ཐུབ་ཡོད། དེའི་ནང་བོད་ལྗོངས་ཝུའུ་ཧྥུང་ཡོན་ཞིང་འབྲོག་གི་བོད་ཕག་ཤང་ཀང་དང་ཨའོ་མོན་གྱི་ཁྲོམ་རར་བྲིན་ཁ་རྒྱུག་པོ་ཡོད།
ཡུལ་སྐོར་ལ་བརྟེན་ནས་ཡོང་འབབ་བསགས་པ།
“ཁམ་བུའི་མེ་ཏོག་དུས་ཆེན་རིང་འགྲུལ་ཁང་གི་ཁང་པ་ཚང་མ་སྔོན་མངགས་ཚར་བ་དང་ཡུལ་སྐོར་བ་མི་ཉུང་བ་ཞིག་གིས་ཟླ་བ་གཅིག་གི་གོང་ནས་མངགས་ཚར་སོང”ཞེས་སྤོ་བོ་རྫོང་ཡུན་ཏོ་ཁམ་བུའི་མེ་ཏོག་གསོན་མགྲོན་ཁང་གི་སྦྱིན་བདག་ཀྲོའུ་ལིས་ཀྱིས་བརྗོད་བྱུང་། ཁམ་བུའི་མེ་ཏོག་དུས་ཆེན་གྱི་ཤར་རླུང་དང་བསྟུན་ནས་སྤོ་བོ་རྫོང་གིས་ཁམ་བུའི་མེ་ཏོག་ཐོན་ཁུངས་སྤྱད་ནས་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་ས་གནས་དེ་གའི་ཞིང་འབྲོག་པས་ཡུལ་སྐོར་ཁྲོད་ནས་ཡོང་འབབ་གསོག་ཐུབ་ཡོད།
ཆུ་མདོ་གྲོང་རྡལ་ནི་སྤོ་བོ་རྫོང་སྤོ་སྟོད་ཁམ་བུའི་མེ་ཏོག་ལུང་གཞུང་གི་ལྟེ་བའི་ཁུལ་ཡིན་པ་དང་། དེ་ཉིད་ཁམ་བུའི་རིག་གནས་ཡུལ་སྐོར་གྱི་མིང་བྱང་དུ་བཏོད་དེ་ཡུལ་སྐོར་གྱི་དམིགས་སར་གྱུར་ཡོད། “ད་ལོའི་ཁམ་བུའི་མེ་ཏོག་དུས་ཆེན་རིང་གྲོང་རྡལ་ཡོངས་ཀྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་3ལྷག་ཙམ་ལ་སྣེ་ལེན་ཞུས་ནས་མཐའ་འཁོར་གྱི་ཚོང་དུད་དང་དམངས་སྲོལ་གནས་ཚང་ལ་ཡོང་འབབ་སྒོར་ཁྲི་50ཙམ་བྱུང་བ་དང་ཚོགས་ར་གཙོ་བོའི་འགྲེམས་ཚོང་ནང་ཚོང་དུད་50ལྷག་ཙམ་ཞུགས་ཏེ། སྤྱིའི་ཚོང་གཉེར་ཡོང་འབབ་སྒོར་ཁྲི་15བྱུང་ཡོད”ཆུ་མདོ་གྲོང་རྡལ་རིག་གནས་ཡུལ་སྐོར་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་ལུའུ་ཅན་གྱིས། མང་ཚོགས་རིག་གནས་ཡུལ་སྐོར་འཕེལ་རྒྱས་ནང་གཏིང་ཟབ་ཞུགས་ཆེད་ད་དུང་སྲིད་འཛིན་གྲོང་ཚོ་13རིག་རྩལ་འཁྲབ་སྟོན་དང་དམངས་སྲོལ་ལུས་རྩལ་འགྲན་བསྡུར་ནང་ཞུགས་རྒྱུར་སྐུལ་སློང་བྱས་པ་མ་ཟད། མང་ཚོགས་ཀྱིས་ཁྲོམ་འདོན་པར་སྐུལ་ལྕག་བྱས་ཏེ། “ལྟད་མོ་བ”ནས་རིག་གནས་ཡུལ་སྐོར་འཕེལ་རྒྱས་ནང་ཞུགས་མཁན་དུ་འགྱུར་བར་བྱས་ཡོད་ཅེས་བརྗོད་བྱུང་།
གྲོང་གསེབ་ཀྱི་དམངས་སྲོལ་གནས་ཚང་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་དེ་ནི་སྤོ་བོ་རྫོང་གི་དམངས་ཕྱུག་འབབ་འཕར་གྱི་གསོན་ཉམས་ལྡན་པའི་དཔེ་མཚོན་ཞིག་རེད། རྐུ་ཐུང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་སྐལ་རྡོར་གྱིས། 2019ལོར་གྲོང་ཚོའི་ནང་དམངས་སྲོལ་གནས་ཚང་ཐོག་མ་དེ་བཙུགས་པ་ནས་ད་བར་ཁྱིམ་ཚང་6གིས་དམངས་སྲོལ་གནས་ཚང་བཙུགས་ཡོད་པ་དང་། སྲིད་གཞུང་གིས་གཉེར་སྐྱོང་དུད་ཚང་ལ་ཆེད་ལས་གསོ་སྦྱོང་ཡང་བྱས་ཡོད། ཁམ་བུའི་མེ་ཏོག་བཞད་རིང་གི་ཟླ་བ་1ནང་དམངས་སྲོལ་གནས་ཚང་ལ་ཆ་སྙོམས་ཡོང་འབབ་སྒོར་ཁྲི་3ལྷག་ཙམ་བྱུང་ཡོད་ཅེས་བརྗོད།
དོན་གྲུབ་རྡོ་རྗེས་2025ལོར་སྤོ་བོ་རྫོང་གིས་ཡུལ་སྐོར་བ་མི་ཐེངས་ཁྲི་315ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་29.8ཟིན་པའི་ནང་། ཁམ་བུའི་མེ་ཏོག་དུས་ཆེན་རིང་ཡུལ་སྐོར་བ་མི་ཐེངས་ཁྲི་33ལྷག་ཙམ་ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་གྱི་ཡོང་འབབ་སྒོར་དུང་ཕྱུར་3.59བྱུང་སྟེ་རིག་གནས་དང་ཡུལ་སྐོར་ཐོན་ལས་དེ་སྤོ་བོའི་ཀ་རྟེན་ཐོན་ལས་སུ་གྱུར་པ་མ་ཟད། ཞིང་འབྲོག་པའི་འབབ་འཕར་ལ་སྐུལ་འདེད་གཏོང་བའི་འདེགས་སྐྱོར་གལ་ཆེན་དུ་གྱུར་ཡོད་ཅེས་ངོ་སྤྲོད་བྱས།
ད་ཆ་སྤོ་བོ་རྫོང་གིས“རིག་གནས་ཡུལ་སྐོར་དང་ལས་རིགས་བརྒྱ་ཟུང་འབྲེལ”དང“ལས་རིགས་བརྒྱ་དང་རིག་གནས་ཡུལ་སྐོར་ཟུང་འབྲེལ”གྱི་མཉམ་འདྲེས་འཕེལ་རྒྱས་ཀྱི་བྱེད་ཐབས་ཟབ་ཏུ་བཏང་བ་མ་ཟད། G318ཡུལ་སྐོར་མནའ་འབྲེལ་མཉམ་འགུལ་དང་ཀོང་ཀྲོའུ་བོད་སྐྱོར་མཉམ་ལས་ལ་བརྟེན་ནས་རིག་གནས་དང་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་སྟེ་དུས་བཞི་ཚང་མར་འཚམ་པའི་ཡུལ་སྐོར་ལས་རིགས་ཀྱི་རྣམ་པ་བཏོད་དེ་ཁྱད་ལྡན་ཐོན་ལས་ཀྱི་སྤུས་རྟགས་རིམ་སྤོར་ལ་སྐུལ་འདེད་བཏང་ཡོད།
(《དཔལ་འབྱོར་ཉིན་རེའི་ཚགས་པར》ནས་བཏུས)
འབྲེལ་ཡོད་གསར་འགྱུར།