ལྷོ་ཁ་གྲོང་ཁྱེར་གྱི་འདམ་རའི་སྤྱིའི་རྒྱ་ཁྱོན་སྤྱི་ཆིངས་ཁྲི་25.81ཟིན་པ།
ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི”འདུ་ཤེས་ལག་ལེན་གཏིང་ཟབ་བསྟར་ཏེ། བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་གིས་ས་མཐོའི་འདམ་རའི་སྐྱེ་ཁམས་ཀྱི་སྲུང་བཅད་བརྟན་དུ་བཏང་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”དུས་མཇུག་བར། གྲོང་ཁྱེར་ཡོངས་ཀྱི་འདམ་རའི་སྤྱིའི་རྒྱ་ཁྱོན་སྤྱི་ཆིངས་ཁྲི་25.81ཟིན་པའི་ནང་། འདམ་ར་རིགས་4དང་ཁག་13ཚུད་ཅིང་། འདམ་ར་སྲུང་སྐྱོང་བྱེད་ཚད་92.8%ཟིན་པ་དང་། རྒྱལ་ཁབ་འདམ་རའི་སྤྱི་གླིང་4དང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་1ཡོད་པས། བཀྲག་མདངས་འཚེར་བའི་སྐྱེ་ཁམས་ཀྱི་རྒྱུགས་ལན་ཞིག་ཕུལ་ཡོད།
ལྷོ་ཁ་གྲོང་ཁྱེར་གྱི་འདམ་རའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་དང་། རྒྱ་ཚའི་ལྷ་མོའི་བླ་མཚོ་དང་། ཆུ་གསུམ་གྱི་ཤག་ལྷོ། འཕྱོངས་རྒྱས་ཀྱི་འཕྱོངས་འགོ་གཙང་པོ། མཚོ་སྣའི་ན་ར་གཡུ་མཚོ་བཅས་རྒྱལ་ཁབ་འདམ་རའི་སྤྱི་གླིང་ཁག་4པོར་རང་རང་སོ་སོའི་ཁྱད་ཆོས་ལྡན་ཡོད་པ་དེ་དག་ཡར་ཀླུང་གཙང་པོ་ལྷོ་ཁ་དུམ་བུའི་འདམ་ར་དང་མཉམ་དུ་ས་མཐོའི་ཐུན་མིན་གྱི་སྐྱེ་ཁམས་མ་ལག་ཅིག་གྲུབ་ཡོད། བོད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ངོས་ནས། འདམ་ར་དེ་དག་ཁྲུང་ཁྲུང་སྐེ་ནག་དང་ཁྲུང་ཁྲུང་མགོ་ཁྲ་སོགས་རྩ་ཆེའི་འདབ་ཆགས་ཀྱི་འཚོ་སྡོད་བྱ་ཡུལ་ཙམ་ཡིན་པ་མ་ཟད། ས་ཁོངས་ཀྱི་ས་ཆུ་སྲུང་འཛིན་དང་གནམ་གཤིས་སྙོམས་སྒྲིག་བྱེད་པའི“རང་བྱུང་གི་སྙོམས་སྒྲིག་ཡོ་ཆས”དེ་བས་ཀྱང་ཡིན།
འདམ་ར་སྲུང་སྐྱོང་དང་སླར་གསོའི་ལས་དོན་ཁྲོད། ལྷོ་ཁ་གྲོང་ཁྱེར་གྱིས་ཡར་ཀླུང་གཙང་པོ་རྒྱུག་ཁུལ་གྱི་རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་མ་བཅས་ཀྱི་སྐྱེ་ཁམས་སྲུང་སྐྱོང་སླར་གསོའི་རྣམ་གྲངས་ལྟེ་བར་བྱས་ཏེ། རིམ་རྩིས་བརྒྱབ་ན། འདམ་ར་མུའུ་ཁྲི་8.77སྲུང་སྐྱོང་སླར་གསོ་བྱས་པ་དང་། སྤྱི་ལེ་བརྒྱ་ལྷག་ཙམ་གྱི་གཙང་རྒྱུད“ལྗང་མདོག་ལྕགས་རི་རིང་པོ”བསྐྲུན་ཏེ་རྒྱུག་འགུལ་བྱེ་ཕུང་རྒྱ་ཁྱོན་80%ཆུང་དུ་བཏང་བས། སྔོན་ཆད་གཅེར་གསལ་དུ་ཐོན་པའི་ཆུ་ལམ་ད་ཆ་སྔོ་ཐིང་ཐིང་གི་འདམ་རར་གྱུར་ཡོད། སྐྱེ་ཁམས་ལེགས་སུ་ཕྱིན་པས་རི་སྐྱེས་སྲོག་ཆགས་ཀྱང་ཡོང་མང་དུ་སོང་ཞིང་། སྣེ་གདོང་ཆུས་སྐྱེད་པ་ཤང་གི་ཡུལ་མི་ཚེ་རིང་སྒྲོལ་དཀར་གྱིས། “ད་ཆ་ལྗོན་ཤིང་མང་ཞིང་ཆུའང་དྭངས་མོ་ཡིན་པས། ཁྲུང་ཁྲུང་སྐེ་ནག་དང་ཤྭ་བ་སེར་ཆེན་ཡང་སེ་ཡོང་གི་འདུག་ལ། གནམ་གཤིས་ཀྱང་ཡག་ཏུ་ཕྱིན་འདུག”ཅེས་མྱོང་ཚོར་ཟབ་མོས་བཤད།
ད་ཆའི་ལྷོ་ཁར། འདམ་རའི་སྐྱེ་ཁམས་རྒྱུན་མཐུད་ལེགས་སུ་སོང་ཞིང་། སྐྱེ་དངོས་སྣ་མང་རང་བཞིན་ཡང་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་ཕྱིན་པས། ས་མཐོའི་ས་གཙང་དེར་སྲུང་སྐྱོང་བྱེད་པ་དང་དུས་མཚུངས་སྐྱེ་ཁམས་དང་འཕེལ་རྒྱས་འཁོར་རྒྱུག་བཟང་བའི་རྣམ་པ་གསར་པ་ཆགས་པར་སྐུལ་འདེད་ཀྱང་ཐེབས་ཡོད།
འབྲེལ་ཡོད་གསར་འགྱུར།