སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱས་ནས་མང་ཚོགས་ཁྲི་སྟོང་མང་པོར་ཕན་བདེ་བསྐྲུན་པ།
སྔོ་ཞིང་དྭངས་བའི་རི་ཀླུང་ཁྲོད་འདམ་ར་སྲུང་སྐྱོང་གི་བོད་ཀྱི་རྒྱུགས་ལན་ཕུལ་བ།

འདི་ནི“ལྷ་སའི་གློ་བ”ཞེས་གྲགས་པའི་ལྷ་ཀླུ་འདམ་རའི་མཛེས་ལྗོངས་ཡིན་པ།
རང་ལྗོངས་ཀྱི་འདམ་རའི་ཐོན་ཁུངས་ནི་ཕུན་སུམ་ཚོགས་པ་དང་། རིགས་མི་འདྲ་བ། སྐྱེ་ཁམས་ཀྱི་རིན་ཐང་མངོན་གསལ་དོད་པ་བཅས་རེད། འདམ་ར་སྲུང་སྐྱོང་བྱེད་རྒྱུ་ནི་ཐོག་མཐའ་བར་གསུམ་དུ་རང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པའི་གཙོ་གནད་ཅིག་ཡིན་ལ་སྙིང་རུས་གཏན་འཁྱོངས་དང་རྒྱུན་མཐུད་འགག་སྒྲོལ་བྱེད་པའི་དཀའ་ཚེགས་ཆེ་བའི་ལས་འགན་ཞིག་དེ་བས་ཀྱང་ཡིན།
སྲུང་སྐྱོང་སླར་གསོའི་ལྟ་ཞིབ་ཚད་ལེན་མཐུན་སྦྱོར་ལ་དམིགས་ནས་ས་མཐོའི་འདམ་རའི་སྐྱེ་ཁམས་མ་ལག་གི་གསོན་ཤུགས་འཕེལ་བར་བྱས་པ།
“ལྷ་སའི་གློ་བ”ཞེས་གྲགས་པའི་ལྷ་ཀླུ་འདམ་ར་ནི་བོད་ཀྱི་འདམ་ར་སྲུང་སྐྱོང་སླར་གསོའི་དཔེ་མཚོན་ཞིག་རེད། དེ་སྐབས་ཤིག་རིང་ཞན་འགྱུར་དང་ཉམས་རྒུད་དུ་སོང་ཞིང་། ཕྱིས་སུ་སླར་ཡང་ལྗང་མདོག་གོས་བཟང་གིས་བཀླུབས་ཡོད།
“ང་ནི་ས་སྐྱེས་རྡོ་སྐྱེས་ཀྱི་ལྷ་ས་བ་ཞིག་ཡིན། དྲན་ཤེས་ནང་དེ་གར་སྔོན་ཆད་ནོར་ལུག་འཚོ་ཡི་ཡོད་པ་དང་ཉེ་འཁོར་དུ་ད་དུང་ཁང་པ་ཐར་ཐོར་མི་ཉུང་བ་བརྒྱབ་འདུག”ཅེས་ལྷ་སའི་གྲོང་མི་ཞིག་གིས་དྲན་གསོ་བྱེད་བཞིན་བཤད་ཅིང་། ལོ་30ཡི་གོང་འདམ་ར་སྡོད་ཁང་ཁུལ་དང་བེད་མེད་དངོས་པོ་ཚུར་བསྡུ་ས་ཚིགས་དང་ཐག་ཉེ་བས་བྱེ་འགྱུར་གྱི་སྣང་ཚུལ་ཅུང་ཚབས་ཆེ་བ་དང་། གྲོང་ཁྱེར་འཛུགས་སྐྲུན་གྱི་བཙོག་ཆུ་ཐད་འབུད་བྱེད་པ་སོགས་ཀྱིས་རྐྱེན་པས་འདམ་རའི་རྒྱ་ཁྱོན་དུས་རབས་20པའི་ལོ་རབས་70དང་བསྡུར་ན་20%ཙམ་ཆུང་དུ་ཕྱིན་ཡོད་པ་རེད།
1995ལོར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་འདམ་ར་སྲུང་སྐྱོང་འདུ་འགོད་ལག་ལེན་བསྟར་འགོ་བཙུགས་པ་དང་། སྔ་རྗེས་སུ་མ་དངུལ་སྒོར་དུང་ཕྱུར་9ཙམ་བཏང་སྟེ་ལྷ་ཀླུ་འདམ་རའི་དུས་ཐེངས་དང་པོ་ནས་བཞི་པའི་བར་གྱི་སྲུང་སྐྱོང་ལས་གྲྭ་ལག་ལེན་བསྟར་བས། ཕྱུགས་རིགས་ཚད་ལས་བརྒལ་ནས་འཚོ་བ་དང་། ཆུ་གསོག་ཚད་མི་འདང་བ། སྔོ་ཁེབས་ཞན་འགྱུར་སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་དག་གནད་སྨིན་ངང་ཐག་གཅོད་བྱས་པས་ལྷ་ཀླུ་འདམ་རར་སླར་ཡང་གསོན་ཤུགས་རྒྱས་ཐུབ་པ་བྱུང་ཡོད།
ད་ཆ་ལྷ་ཀླུ་འདམ་ར་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྐྱེ་ཁམས་སླར་གསོའི་རྣམ་གྲངས་དེ་རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་ཐང་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་སླར་གསོ་ལས་གྲྭའི་དཔེ་མཚོན་ཁག་གསུམ་པའི་ནང་བཅུག་ནས་རྒྱལ་ཡོངས་ལ་གྲོང་ཁྱེར་འདམ་ར་སླར་གསོའི་ཐད་བོད་ཀྱི་ཉམས་མྱོང་རྩ་ཆེ་མཁོ་འདོན་བྱས་ཡོད།
“མིག་སྔར་ལྷ་ཀླུ་འདམ་རའི་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་ཐུབ་པ་དང་། སྲོག་ཆགས་དང་རྩི་ཤིང་ཁྱུ་ཚོགས་དང་སྐྱེ་དངོས་ཐོན་ཁུངས་ཚང་མ་རིམ་བཞིན་སླར་གསོ་ཐུབ་ནས་འདམ་རའི་སྐྱེ་ཁམས་མ་ལག་གི་གྲུབ་ཆ་དང་ནུས་པ་ལེགས་སུ་ནུས་ལྡན་ཕྱིན་ཡོད”ཅེས་ལྷ་ཀླུ་འདམ་ར་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་ལྟ་ཞིབ་ཁོའོ་ཡི་ཁོའོ་ཀྲང་ངག་དབང་བཀྲ་ཤིས་ཀྱིས་བརྗོད།
ཁྲིམས་སྐྱོང་ལམ་ལུགས་ཀྱི་ཚད་ལྡན་འགན་ལེན་ལ་དམིགས་ཏེ་འདམ་ར་རྒྱུན་མཐུད་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་བཏང་བ།
འདམ་ར་སྲུང་སྐྱོང་ནི་ཉིན་གཅིག་གི་ལས་ཀ་མིན་པས་རྒྱུན་མཐུད་འཕེལ་རྒྱས་ལ་ཁྲིམས་སྐྱོང་གིས་འགན་སྲུང་བྱེད་དགོས། རང་ལྗོངས་ཀྱིས“བཅའ་ཁྲིམས་དང་། ལམ་ལུགས། གཏན་འབེབས”བཅས་ཕྱོགས་གསུམ་གཞི་གཅིག་གི་འདམ་ར་སྲུང་སྐྱོང་འགན་ལེན་མ་ལག་ཧུར་ཐག་བཙུགས་ཏེ་འདམ་ར་སྲུང་སྐྱོང་ལམ་ལུགས་ཀྱི་དྲ་རྒྱ་ཚགས་ཚུད་དུ་བཏང་ནས། འདམ་ར་སྲུང་སྐྱོང་ལ་བརྩི་སྲུང་བྱེད་སའི་ཁྲིམས་ཡོད་པ་དང་། བསྲུང་བྱའི་སྒྲིག་ཡིག་ཡོད་པ། གཞི་འཛིན་ས་ཡོད་པ་བཅས་བྱས་ཡོད།
2022ལོའི་ཟླ་6ཚེས་1ཉིན་ནས་བཟུང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འདམ་ར་སྲུང་སྐྱོང་བཅའ་ཁྲིམས》ལག་བསྟར་བྱས་པ་དང་། རང་ལྗོངས་ཀྱིས་དང་ལེན་ཧུར་ཐག་ཞུས་ཏེ་སྔ་རྗེས་སུ《བོད་རང་སྐྱོང་ལྗོངས་ཀྱི་འདམ་ར་སྲུང་སྐྱོང་སྲོལ་ཡིག》དང《བོད་རང་སྐྱོང་ལྗོངས་ཀྱི་འདམ་ར་ངོས་འཛིན་དང་མིང་གཞུང་དོ་དམ་བྱ་ཐབས(ཚོད་ལྟའི་ལག་བསྟར)》སོགས་ཁྲིམས་སྲོལ་དང་སྒྲིག་སྲོལ་ལ་བཟོ་བཅོས་བརྒྱབ་པ་དང་ཁྱབ་བསྒྲགས་བྱས་པར། གོང་འོག་སྦྲེལ་མཐུད་དང་དོན་དངོས་དང་འཚམ་པའི་འདམ་ར་སྲུང་སྐྱོང་གི་ཁྲིམས་སྐྱོང་མ་ལག་ཅིག་ཆགས་ཡོད།
ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་སྨྲི་ཏི་ཁ་ཤང་གི་འདམ་ར་བདག་སྐྱོང་བ་རྡོ་རྗེ་ལྷ་རྒྱལ་གྱིས་གཟའ་འཁོར་རེའི་གཟའ་པ་སངས་ཉིན་སྦག་སྦག་བཞོན་ནས་འདམ་རར་སྐོར་གཡེང་བྱེད་ཀྱི་ཡོད། “སྔོན་ཆད་ངས་འདམ་ར་ནི་ཚང་མར་དབང་བ་ཞིག་ཡིན་པས་སུས་ཀྱང་བེད་སྤྱོད་བྱེད་ཆོག་གི་རེད་སྙམ་གྱི་ཡོད། འོན་ཀྱང་ད་ལྟ་དེ་ནི་རྒྱལ་སྤྱིའི་སྤྱི་ཆིངས་དང་བཅའ་ཁྲིམས་ཀྱི་སྲུང་སྐྱོང་ཐོབ་པའི་འདམ་ར་གཙོ་བོ་ཞིག་ཡིན་པ་ཤེས་བྱུང་བས་འདམ་ར་སྲུང་སྐྱོང་བྱ་རྒྱུ་དེ་ནི་ང་ཚོ་ཚང་མའི་འགན་འཁྲི་རེད”ཅེས་བཤད།
མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་དུ་གནས་པའི་མ་ཕམ་གཡུ་མཚོའི་ངོགས་སུ་རྩྭ་ཆུ་བཟང་བ་དང་འབྲི་གཡག་མགོ་གྲངས་བཅུ་ཕྲག་ལྷག་ཙམ་བག་ཕེབས་ངང་རོལ་བཞིན་འདུག མ་ཕམ་གཡུ་མཚོ་འདམ་ར་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱིས་མཚོན་བྱེད་དུ་བྱས་ནས་རང་ལྗོངས་ཀྱིས་ཆེད་ལས་ཅན་དང་རྒྱུན་རྣམ་ཅན་གྱི་འདམ་རའི་དོ་དམ་སྲུང་སྐྱོང་ལམ་སྲོལ་རིམ་བཞིན་བཙུགས་ཏེ་འདམ་ར་ཚང་མར་ཆེད་མིས་སྲུང་སྐྱོང་དང་ཆེད་མིས་དོ་དམ་བྱེད་ཀྱི་ཡོད།
སྐྱེ་ཁམས་དམངས་ཕན་དང་། མཉམ་སྤྱོད། མཉམ་དུ་དར་རྒྱས་བཅས་ཡོང་བར་དམིགས་ཏེ་མི་དང་ཆུ་བོ་ཞི་མཐུན་མཉམ་གནས་ཀྱི་བོད་ཀྱི་ལེའུ་རྩོམ་པ།
འདམ་ར་སྲུང་སྐྱོང་བྱེད་པའི་མཐའ་མའི་དམིགས་ཡུལ་ནི་སྐྱེ་ཁམས་ཀྱི་ཁྱིམ་གཞིས་སྲུང་སྐྱོང་བྱེད་པ་དང་མང་ཚོགས་ཁྲི་སྟོང་མང་པོར་ཕན་པ་ཐོབ་ནས་སྐྱེ་ཁམས་ཀྱི་ཕན་འབྲས་དང་། སྤྱི་ཚོགས་ཀྱི་ཕན་འབྲས། དཔལ་འབྱོར་གྱི་ཕན་འབྲས་བཅས་གཅིག་གྱུར་ནུས་ལྡན་ཐུབ་པར་བྱས་ཏེ་མང་ཚོགས་ལ་སྔོ་ལྗང་རི་ཀླུང་སྲུང་སྐྱོང་ཁྲོད་སྐྱེ་ཁམས་ཀྱི་ཕན་པ་མཉམ་སྤྱོད་ཐུབ་པར་བྱས་ནས། འདམ་ར་སྲུང་སྐྱོང་དང་། དམངས་ལ་ཕན་པ་ཐོབ་པ། མཉམ་སྐྲུན་མཉམ་སྤྱོད་བཅས་ཀྱི་རྣམ་པ་བཟང་པོ་ཆགས་རྒྱུར་སྐུལ་འདེད་བཏང་ཡོད།
2016ལོ་ནས་བཟུང་རང་ལྗོངས་ཀྱིས་ཤན་རྩ་རྫོང་དང་། གཏིང་སྐྱེས་རྫོང་། སྣ་དཀར་རྩེ་རྫོང་བཅས་ས་ཆ་གསུམ་དུ་འདམ་རའི་སྐྱེ་ཁམས་ཕན་འབྲས་ཀྱི་ཁ་གསབ་ཚོད་ལྟའི་ལས་དོན་སྔོན་ལ་སྤེལ་ཞིང་། ལོ་གསུམ་ནང་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་ཁྲི་4800ལྷག་ཙམ་བཏང་བ་དང་། ཕྱུགས་བཀག་གི་ཁ་གསབ་དང་སྔོ་ཁེབས་སླར་གསོ་སོགས་ཀྱི་བྱེད་ཐབས་རབ་དང་རིམ་པ་བརྒྱུད་སྐྱེ་ཁམས་སྲུང་སྐྱོང་དང་དམངས་འཚོ་ལེགས་གཏོང་ཕྱོགས་གཉིས་ལ་གཉིས་ཕན་བྱུང་ཡོད། ཤན་རྩ་རྫོང་གི་འབྲོག་པ་ཆོས་སྒྲོན་གྱིས“དེ་སྔ་ཕྱུགས་འཚོས་ནས་འཚོ་བ་སྐྱེལ་སྐབས་ཡོང་འབབ་བརྟན་པོ་མེད་པ་མ་ཟད། ད་དུང་འདམ་རར་གཏོར་སྐྱོན་ཕོག་གི་ཡོད། ད་ཆ་སྐྱེ་ཁམས་ལ་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད་པས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སྲུང་སྐྱོང་ཐུབ་པ་མ་ཟད། ད་དུང་ཡོང་འབབ་ཀྱང་མང་དུ་ཕྱིན་ནས་འཚོ་བར་རེ་བས་ཁེངས་སོང”ཞེས་བཤད།
དཔལ་འབར་རྫོང་ལྗང་ལྷ་མཚོ་རྒྱལ་ཁབ་འདམ་ར་སྤྱི་གླིང་གིས་ས་གནས་དེ་གའི་གསར་བརྗེའི་རིག་གནས་དང་འདམ་རའི་སྐྱེ་ཁམས་ཐོན་ཁུངས་དང་ཟུང་འབྲེལ་བྱས་ཏེ་བོད་བཟོའི་དམངས་སྲོལ་གནས་ཚང་དང་བོད་ཁྱིམ་སྤྲོ་སྐྱིད་ཁང་འཛུགས་པ་དང་། ཞིང་འབྲོག་ཁྱད་ལྡན་ཐོན་རྫས་འདོན་པ། སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་གཏོང་བ་བཅས་བྱས་ཤིང་། རིམ་རྩིས་བརྒྱབ་ན་སྐྱེ་ཁམས་ཡུལ་སྐོར་ལ་བརྟེན་པར་ཡོང་འབབ་སྒོར་ཁྲི་800ལྷག་ཙམ་བྱུང་སྟེ། འདམ་ར་སྲུང་སྐྱོང་དང་གྲོང་གསེབ་དར་རྒྱས་གཉིས་ཀ་ཡག་པོ་བྱུང་བ་དང་མང་ཚོགས་ལ་འདམ་ར་སྲུང་སྐྱོང་བྱེད་རིང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་ཡོད།
མིག་སྔར། ལྗོངས་ཡོངས་སུ་ཁྱོན་མ་ཕམ་གཡུ་མཚོ་དང་། སྨྲི་ཏི་ཁ། སེར་གླིང་མཚོ། བཀྲ་རི་གནམ་མཚོ་བཅས་རྒྱལ་སྤྱིའི་འདམ་ར་གཙོ་བོ་4དང་། ལྷ་ཀླུ་དང་། ལྷ་ཐོག མཚོ་མོ་ངང་ལྷ། ན་རོག་བཅས་རྒྱལ་ཁབ་ཀྱི་འདམ་ར་གཙོ་བོ་4ཡོད་པས། འདམ་ར་སྲུང་སྐྱོང་གི་གཞི་ཁྱོན་སྔར་བས་ཆེ་རུ་ཕྱིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།