དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • ཆུ་དཔོན་དང་མཚོ་དཔོན་གྱིས་ཆུ་མོ་དྭངས་གཙང་ཡོང་བའི་འགན་འཁྲི་ཕྲག་ཏུ་འཁུར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-24

    ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་གིས“རི་གཉིས”ཀྱི་འདུ་ཤེས་ལག་ལེན་གཏིང་ཟབ་བསྟར་ཏེ། “ཆུ་དཔོན་མཚོ་དཔོན་དང་། ཞིབ་དཔྱོད་དཔོན། ཉེན་རྟོག་དཔོན”བཅས་ཀྱི་མཉམ་ལས་ལམ་སྲོལ་ཁྱབ་གདལ་ཧུར་ཐག་གཏོང་བ་དང་། སྲིད་འཛིན་དང་། ཁྲིམས་འཛིན། སྤྱི་ཚོགས་ཀྱི་སྟོབས་ཤུགས་བཅས་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་གཏོང་བ། ཆུ་བོ་དང་མཚོ་བཅོས་སྐྱོང་དང་སྲུང་སྐྱོང་གི་ནུས་པ་ཆེ་རུ་ཏན་ཏིག་གཏོང་བ་བཅས་བྱས་ནས་རྫོང་ཡོངས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལྗང་མདོག་གི་གསོན་ཤུགས་རྒྱུན་ཆད་མེད་པར་འཕེལ་བར་བྱས་ཡོད།

    གྲང་ངར་ཆེ་བའི་དགུན་དུས་སུ་གོ་འཇོ་རྫོང་འབོ་ལོ་གྲོང་རྡལ་ཚ་ཞུང་ཕུ་གྲོང་ཚོའི་གྲོང་དཔོན་ནོར་བུ་རྡོ་རྗེས་ཡུལ་མིའི་སྣེ་ཁྲིད་དེ་ཆུ་བོའི་རྒྱུད་ཀྱི་གད་སྙིགས་ཞིབ་ཚགས་པོས་བསྒྲུགས། དྭངས་ཤིང་གཙང་བའི་ཆུ་བོ་དལ་བུར་བཞུར་བ་མཐོང་སྐབས་ཁོང་གིས“སྔོན་མ་ཆུ་འགྲམ་དུ་གད་སྙིགས་མང་པོ་ཡོད་ལ། ཆུ་བོ་ཡང་ད་ལྟ་ནང་བཞིན་གཙང་མ་མེད། ད་ཆ་སྔོན་མ་དང་མི་འདྲ་བར། གྲོང་སྡོད་ལས་དོན་རུ་ཁག་དང་ཡུལ་མི་ཚོས་ཚོགས་ཆུང་བགོས་ནས་དུས་བཀག་ལྟར་གད་སྙིགས་གཙང་མ་སྒྲུག་གི་ཡོད་པས། ཆུ་ངོགས་ཀྱི་ཁོར་ཡུག་ལེགས་སུ་ཕྱིན་པ་མ་ཟད། ཆུ་ཡང་གཙང་དུ་ཕྱིན་ཡོད”ཅེས་བརྗོད་བྱུང་།

    འགྱུར་ལྡོག་དེ་དག་ནི་གོ་འཇོ་རྫོང་གིས“དཔོན་གསུམ”གྱི་མཉམ་ལས་ལམ་སྲོལ་ཁྱབ་གདལ་ཧུར་ཐག་བཏང་བ་ལས་བྱུང་བ་ཞིག་ཡིན། རྫོང་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་གཞུང་ལས་ཁང་དུ་འཛུལ་སྐབས། གྲངས་འཛིན་ཅན་གྱི་དོ་དམ་ལས་སྟེགས་ནས་རིམ་ཁག་ཆུ་དཔོན་གྱིས་ཆུ་བོར་སྐོར་གཡེང་དང་གནད་དོན་དག་ཐེར་བྱེད་ཚུལ་དུས་ཐོག་ཏུ་མཐོང་ཐུབ། 2025ལོ་ནས་བཟུང་། རྫོང་རིམ་པའི་ཆུ་དཔོན་གྱིས་ཆུ་བོར་སྐོར་གཡེང་ཐེངས་130བྱས་ནས་ལོ་འཁོར་གྱི་འཆར་གཞིའི་125%ལེགས་གྲུབ་བྱས་ཡོད། ཤང་དང་གྲོང་རྡལ་རིམ་པའི་ཆུ་དཔོན་གྱིས་ཆུ་བོར་སྐོར་གཡེང་ཐེངས་722བྱས་ནས་ལོ་འཁོར་གྱི་འཆར་གཞིའི་107%ལེགས་གྲུབ་བྱས་ཡོད། ཤེས་རྟོགས་ཐུབ་པའི་གནད་དོན་ཚང་མ་དྲ་ཐོག་གི་མ་ལག་བརྒྱུད་གོང་ཞུ་བྱེད་པ་ནས་ཐོ་སུབ་པའི་བར་དོ་དམ་ཚགས་ཚུད་ཐུབ་པར་བརྟེན། ཆུ་བོ་དང་མཚོ་དོ་དམ་སྲུང་སྐྱོང་གི་ཁུག་ཆ་གཅིག་ཀྱང་མ་ལུས་པ་བྱུང་བ་མ་ཟད། རྒྱུན་རྣམ་ཅན་གྱི་ཕན་འབྲས་ཀྱང་ཐོབ་ཡོད།

    སྲིད་འཛིན་ཚན་པས་རྒྱུན་རྣམ་ཅན་གྱི་སྐོར་ཞིབ་བཅོས་སྒྲིག་གི་འགོག་སྲུང་འཛིང་རགས་བསྐྲུན་པས། ཁྲིམས་འཛིན་སྟོབས་ཤུགས་ཀྱིས་ཁྲིམས་ལྟར་དོ་དམ་དང་ལྟ་སྐུལ་ནུས་ལྡན་ཐུབ་ནས་ཆུ་བོ་དང་མཚོའི་སྐྱེ་ཁམས་སྲུང་སྐྱོང་གི“ཁྲིམས་སྐྱོང་གི་བདེ་འཇགས་འགོག་སྲུང”བརྟན་དུ་ཕྱིན་ཡོད། གོ་འཇོ་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་མཉམ་འབྲེལ་སྐོར་ཞིབ་དང་། ཁུངས་སྣེ་སྐྱེལ་བ། ཞིབ་དཔྱོད་གྲོས་འགོ་སོགས་ཀྱི་བྱ་ཐབས་སྤྱད་དེ“དཔོན་གསུམ”གྱི་མཉམ་ལས་ལམ་སྲོལ་དང་མཉམ་འདྲེས་ཧུར་ཐག་བྱས་ནས། ཆུའི་སྐྱེ་ཁམས་ལ་གཏོར་བཤིག་གཏོང་བའི་ཁྲིམས་འགལ་བྱེད་སྤྱོད་མཐའ་དག་གཏན་འགོག་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།