རྒྱལ་ཁབ་ཀྱི་འདམ་ར་གཙོ་བོའི་མིང་གཞུང་ནང་ཚུད་པ།
འབྲི་རུ་རྫོང་ནག་རོག་རྒྱལ་ཁབ་ཀྱི་འདམ་ར་གཙོ་བོ་སྲུང་སྐྱོང་དོ་དམ་གྱི་རིམ་པ་སླར་ཡང་སྤར་བ།
འདམ་རར“སའི་གོ་ལའི་མཁལ་མ”ཞེས་འབོད་པ་དང་དེར་ཆུ་རྩ་གསོ་འཁྱོངས་དང་། ཆུ་གཙང་བཟོ། ཆུ་ལོག་དང་ཐན་སྐྱོན་སྔོན་འགོག གནམ་གཤིས་སྙོམས་སྒྲིག སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་སོགས་སྐྱེ་ཁམས་ཀྱི་ནུས་པ་གལ་ཆེན་ལྡན་ཡོད།
འབྲི་རུ་རྫོང་ནག་རོག་རྒྱལ་ཁབ་ཀྱི་འདམ་ར་གཙོ་བོ་ནི་ཤར་ནས་བན་དཀར་ཤང་བཀྲ་ཤིས་ལུང་གྲོང་ཚོའི་ས་ནག་ཟམ་པ་བར་དང་། ནུབ་ནས་གསའ་ཕུ་ལུང་ཤུར་དང་གཡང་ཆེན་ལུང་ཤུར་གྱི་འདྲེས་མཚམས་བར། ལྷོ་ནས་ནག་རོག་ལུང་ཤུར་དང་གསའ་ཕུ་ལུང་ཤུར་གྱི་ལ་གཉའ་དང་པོ་བར། བྱང་ནས་བཀྲ་ཤིས་ལུང་གྲོང་ཚོ་ནས་བ་རོང་གྲོང་ཚོའི་བར་བཅས་སུ་ཁྱབ་ཡོད་ཅིང་། དེའི་རྒྱ་ཁྱོན་སྤྱི་ཆིང་512.6ཟིན་པ་དེ་ནི་རྒྱ་ཁྱོན་སྤྱི་ཆིང་6000ལྷག་ཙམ་ཟིན་པའི་འབྲི་རུ་རྫོང་ནག་རོག་རྒྱལ་ཁབ་འདམ་ར་སྤྱི་གླིང་གི་ལྟེ་བའི་སྲུང་སྐྱོང་ཁུལ་ཞིག་རེད།
སྔོ་ལྗང་ཁུལ་གཙོ་བོ་དེ་སྲུང་སྐྱོང་བྱ་རྒྱུ་ནི་རྒྱུན་མཐུད་དང་བརྒྱུད་རིམ་ལྡན་པའི་བྱ་སྤྱོད་ཅིག་རེད། 2015ལོའི་ཟླ་12པར་རང་ལྗོངས་ཀྱི་འདམ་ར་དང་འཁྱགས་རོམ་སྲུང་སྐྱོང་གཙོ་བོར་བྱེད་པའི་སྐྱེ་ཁམས་འཛུགས་སྐྲུན་རྣམ་གྲངས་ཐོག་མ་འབྲི་རུའི་ནག་རོག་རྒྱལ་ཁབ་འདམ་ར་སྤྱི་གླིང་ཚོད་ལྟའི་འཛུགས་སྐྲུན་དངོས་སུ་བྱས་པ་དང་། 2019ལོའི་ཟླ་12པར་ཞིབ་བཤེར་རྩིས་ལེན་ཐུབ་ནས་རྒྱལ་ཁབ་འདམ་ར་སྤྱི་གླིང་གི་གྲས་སུ་གྱུར་ཡོད། 2025ལོའི་ཟླ་10པར་འདམ་ར་དེའི་ལྟེ་བའི་ས་ཁོངས་རྒྱལ་ཁབ་ཀྱི་འདམ་ར་གཙོ་བོའི་གྲས་སུ་ཚུད་ཅིང་། སྲུང་སྐྱོང་གི་བརྒྱུད་རིམ་དེ་ལྟ་བུ་ནི་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་འདུ་ཤེས་ཟབ་ཏུ་ཕྱིན་པ་དང་བྱ་སྤྱོད་རིམ་སྤོར་གྱི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད།
ཉེ་བའི་ལོ་ཤས་རིང་། འབྲི་རུ་རྫོང་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འདམ་ར་སྲུང་སྐྱོང་བཅའ་ཁྲིམས》རྩ་བའི་གཞི་འཛིན་སར་བྱས་ཏེ་སྐྱེ་ཁམས་སྲུང་སྐྱོང་དང་། ཚན་རིག་དང་མཐུན་པའི་དོ་དམ། བརྒྱུད་རིམ་ལྡན་པའི་སླར་གསོ། ལུགས་མཐུན་བེད་སྤྱོད་སོགས་ལ་དམིགས་ནས་ཕྱོགས་ཡོངས་དང་ཟུར་ཚད་མང་བའི་སྲུང་སྐྱོང་དྲ་རྒྱ་བསྐྲུན་པས་སྐྱེ་ཁམས་དང་། སྤྱི་ཚོགས། དཔལ་འབྱོར་བཅས་ཀྱི་ཕན་འབྲས་མང་པོ་ཐོན་ཡོད།
འབྲེལ་ཡོད་གསར་འགྱུར།