སྒང་བདེ་གླིང་གྲོང་ཚོར་ལག་བསྟར་བྱས་པའི་སྔོ་འགྱུར་ལས་གྲྭ
སྔོ་ལྗང་གིས་བརྒྱན་པའི་གྲོང་ཚོ། ཕན་བདེ་ལོངས་སྤྱོད་ཀྱི་ཡུལ་མི།
དཔྱིད་དུས་ཀྱི་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་གནས་ཆུང་ཁྲོམ་གཞུང་སྒང་བདེ་གླིང་གྲོང་ཚོ་གནས་སའི་རྒྱལ་ལམ་318ལམ་རྒྱུད་དུ་ཚ་ཚ་འུར་འུར་གྱི་ལས་བྲེལ་གྱི་རྣམ་པས་ཁེངས་ཤིང་། རྐོ་འདྲུའི་འཕྲུལ་འཁོར་དང་ཨར་སྐྲུན་མི་སྣས་ལྗོན་ཤིང་དང་མེ་ཏོག་གླིང་དུ་ལྕང་འཛུགས་ཀྱི་ལས་ལ་བྲེལ་བཞིན་འདུག དེ་སྔ་སྐྱ་ཐེར་ཐེར་གྱི་གྲོང་ཚོའི་ལམ་རྒྱུད་དུ་ད་ཆ་ལྗོན་ཤིང་དང་མེ་ཏོག་གིས་བརྒྱན་ནས་སྟོད་ལུང་བདེ་ཆེན་ཆུས་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དྲོ་སྐྱིད་ལྡན་པའི་རྣམ་པ་ཞིག་མངོན་བཞིན་མཆིས།
“སྔོན་མ་གྲོང་ཚོ་སྐྱ་ཐེར་ཐེར་ཡིན་པས། ལྷགས་པ་རྒྱག་སྐབས་ནམ་མཁའ་རྡུལ་གྱིས་ཁེངས་པ་དང་། ཆར་པ་འབབ་སྐབས་གང་སར་འདམ་རྫབ་ཀྱིས་ཁེངས་ནས་འགྲོ་བདེ་པོ་གཅིག་ཀྱང་མེད”ཅེས་ཡུལ་མི་སྐལ་བཟང་གིས་མིག་མདུན་གྱི་སྔོ་ལྗང་མཛེས་ལྗོངས་ལ་ལྟ་བཞིན་དགའ་སྤྲོའི་ངང་དེ་ལྟར་བརྗོད། ཁོང་སྒང་བདེ་གླིང་གྲོང་ཚོར་འཚོ་བ་བསྐྱལ་ནས་ལོ་བཞི་བཅུ་ལྷག་ཙམ་སོང་ཞིང་། དེ་སྔའི་འདམ་རྫབ་ཀྱི་ལམ་ནས་བདེ་ལམ་བར་དུ་གྱུར་པའི་འགྱུར་ལྡོག་མིག་མཐོང་ལག་ཟིན་བྱུང་ཞིང་། ད་ཆ་ཁྱིམ་གྱི་སྒོ་རྩར་སྔོ་ལྗང་གིས་བརྒྱན་པས་ཁོར་ཡུག་སྐྱིད་སྣང་དོད་ལ་འཆམ་འཆམ་བྱེད་ས་ཡོད།
སྐལ་བཟང་གི་རེ་སྒུག་ནི་སྒང་བདེ་གླིང་གྲོང་ཚོའི་སྔོ་འགྱུར་སྒྱུར་བཀོད་ཀྱི་ཐོག་མའི་དམིགས་ཡུལ་དེའང་ཡིན། 2026ལོའི་ཟླ་1ཚེས་16ཉིན་སྟོད་ལུང་བདེ་ཆེན་ཆུས་ཀྱི་གཙོ་གནད་སྔོ་འགྱུར་རྣམ་གྲངས་བཞི་གཅིག་སྡུད་ཐོག་ལས་འགོ་ཚུགས་ཤིང་། སྒང་བདེ་གླིང་ལམ་དུམ་མཐའ་འཁོར་གྱི་ཁོར་ཡུག་ཕྱོགས་བསྡུས་རིམ་སྤོར་སྒྱུར་བཀོད་རྣམ་གྲངས་ནི་ལྟེ་བའི་རྣམ་གྲངས་ཀྱི་གྲས་ཤིག་ཡིན་ཞིང་ཁྱོན་མ་དངུལ་སྒོར་ཁྲི་981.75བཏང་བ་དང་རྒྱལ་ལམ་318ཀྱི་ཧྭ་ཤིས་སྨན་ཁང་ལམ་མདོ་ནས་ཡོན་ཀྲེང་ཐུམ་སྒྲིལ་བཟོ་གྲྭའི་བར་གྱི་ལམ་དུམ་སྤྱི་ལེ་0.9ཙམ་བར་ཡིན། འགྲོ་ལམ་གྱི་གཞོགས་གཉིས་སུ་ལྕང་མ་འཛུགས་རྒྱུ་མ་ཟད། ད་དུང་ལམ་མདོའི་གྲོང་ཁྱེར་འཛུགས་སྐྲུན་གྱི་སྒྱུར་བཀོད་ལ་དུས་གཅིག་ཏུ་སྐུལ་འདེད་བཏང་ནས་དེ་སྔའི་ལམ་མདོའི་ཕྱོགས་གཉིས་སུ་འཁོར་ལམ་དྲུག་ཡོད་པའི་གཞུང་ལམ་བསྐྲུན་ཏེ་སྐྱེ་ཁམས་ཁོར་ཡུག་ལེགས་སུ་གཏོང་བ་དང་ཕྱིར་སྐྱོད་བདེ་འཇགས་ཡོང་བར་འགན་ལེན་བྱ་རྒྱུ་རེད།
མིག་སྔར་རྣམ་གྲངས་ཀྱི་70%ལེགས་གྲུབ་ཟིན་ནས་ལྗོན་ཤིང་འདེབས་འགོ་ཚུགས་ཤིང་། ལས་ཡུལ་དུ་ལག་རྩལ་མི་སྣས་ལྗོན་ཤིང་གི་འགྲམ་དུ་ལས་མི་གཞན་ལ་ལྗོན་ཤིང་འདེབས་སྟངས་དང་། སྡོང་ཁུང་གི་གཏིང་ཚད་ཇི་ཙམ་འདྲུ་དགོས་མིན། ས་མང་ཉུང་ག་ཚོད་རྒྱག་དགོས་མིན། ཆུ་མང་ཉུང་ག་ཚོད་རྒྱག་དགོས་མིན་བཅས་སློབ་བཞིན་འདུག “ལྕང་སོན་ཡག་པོ་འདེབས་པ་དང་གསོ་ཐུབ་པ་བྱ་རྒྱུ་ནི་ང་ཚོས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ་ཞིག་ཡིན”ཞེས་གྲང་ངད་བཟོད་ཐུབ་པ་དང་ས་མཐོའི་གནམ་གཤིས་དང་འཚམ་པའི་ལྕང་སོན་འདེབས་དགོས་ལུགས་སྐོར་བརྗོད་བྱུང་།
སྒང་བདེ་གླིང་གྲོང་ཚོའི་ངོས་ནས་བརྗོད་ན། སྔོ་འགྱུར་ལས་གྲྭ་ནི་ཁོར་ཡུག་རིམ་སྤོར་ཙམ་མིན་པར་བདེ་སྐྱིད་ལྡན་པའི་བྱ་བ་ཞིག་རེད། གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཨ་ནུའུ་ཡིས། གྲོང་ཚོས་གྲོང་མི་སྒྲིག་འཛུགས་བྱས་ཏེ་རྒྱུན་དུ་ལྕང་སོན་ལ་གཡོག་བྱེད་པ་དང་གཡོག་བྱེད་ཤེས་བྱ་སློབ་ཀྱི་ཡོད། ལྗོན་ཤིང་བཏབ་ཚར་རྗེས་རྐུབ་སྟེགས་མང་དུ་གཏོང་བའམ་མེ་ཏོག་མང་ཙམ་བཏབ་ནས་གྲོང་མི་ཚོར་སྐྱིད་སྣང་ལྡན་པའི་སྤྱི་གླིང་ཞིག་བསྐྲུན་རྒྱུ་ཡིན་པའི་སྐོར་ངོ་སྤྲོད་བྱས་ཤིང་། ཁོང་གིས“སླད་ཕྱིན་རྒན་རྒོན་ཚོ་ལྗོན་ཤིང་གི་བསིལ་གྲིབ་འོག་ངལ་གསོ་བ་དང་ཕྲུ་གུ་རྣམས་མེ་ཏོག་གི་འགྲམ་དུ་རྩེད་མོ་རྩེ་ཐུབ་པས་སྐྱིད་སྣང་ལྡན་པའི་ཁོར་ཡུག་ཅིག་ཆགས་རྒྱུ་ཉག་གཅིག་རེད”ཅེས་དགའ་སྤྲོའི་ངང་བཤད།
སྔོ་ལྗང་གི་བར་ཁྱམས་དེ་སྟོད་ལུང་ལམ་ཆེན་དང་སྣེའུ་གདོང་ཟམ་ཆེན་བར་སྣུར་སྲིང་བྱ་རྒྱུ་ཡིན་པར་ཁྱོན་མ་དངུལ་སྒོར་ཁྲི་8300བཏང་བ་དང་སྔོ་འགྱུར་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་9.8ལྷག་ཙམ་ཟིན་ནས་སྟོད་ལུང་བདེ་ཆེན་ཆུས་ཀྱི་སྐྱེ་ཁམས་འཚོ་སྡོད་རུང་བའི་རྣམ་པ་གསར་པ་ཞིག་མངོན་བཞིན་ཡོད། མིག་སྔའི་བར། འགྲོ་ལམ་གྱི་གཞོགས་གཉིས་སུ་མེ་ཏོག་ལྡུམ་ར་སྐྲུན་པ་དང་རྡོ་གཅལ་འདིང་བ་སོགས་ཀྱི་དུས་འགོའི་ལས་དོན་ཚང་མ་ལེགས་གྲུབ་ཟིན་ཞིང་། སྔོན་དཔག་བྱས་ན་ཟླ་7པའི་ཟླ་མཇུག་ཏུ་ཚང་མ་ལས་མཇུག་འགྲིལ་ནས་རྩིས་སྤྲོད་ཐུབ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།