དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • ཉིང་ཁྲི་གྲོང་ཁྱེར་གྱིས།

    “རྒྱལ་ཁབ་ཀྱི་ནགས་ཚལ་གྲོང་ཁྱེར”འཛུགས་གཏོད་ཀྱི་གྲུབ་འབྲས་སྲ་བརྟན་དང་མཐོར་འདེགས་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-04-10

    2022ལོར་ཉིང་ཁྲི་གྲོང་ཁྱེར་ལ་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས“རྒྱལ་ཁབ་ནགས་ཚལ་གྲོང་ཁྱེར”ཞེས་པའི་མཚན་སྙན་སྤྲད་ཅིང་། ཉིང་ཁྲི་གྲོང་ཁྱེར་དེ་ཉིད་རྒྱལ་ཡོངས་ཀྱི་གཟི་བརྗིད་མཚན་སྙན་དེ་ཐོབ་པའི་ས་མཐོའི་གྲོང་ཁྱེར་དང་པོར་གྱུར་པ་དང་། བོད་རང་སྐྱོང་ལྗོངས་ཀྱི“རྒྱལ་ཁབ་ཀྱི་ནགས་ཚལ་གྲོང་ཁྱེར”དང་པོའང་ཡིན་པ་རེད།

    “རྒྱལ་ཁབ་ནགས་ཚལ་གྲོང་ཁྱེར”འཛུགས་གཏོད་བྱེད་འགོ་ཚུགས་པ་ནས་བཟུང་། ཉིང་ཁྲི་གྲོང་ཁྱེར་གྱིས“ནགས་ཚལ་གྲོང་ཁྱེར་དུ་ཁྱབ་པ་དང་གྲོང་ཁྱེར་གྱིས་ནགས་ཚལ་སྲུང་བའི”དམིགས་ཡུལ་རྒྱུན་འཛིན་བྱས་ནས“སྲོག་ཤིང་གཅིག་དང་ལྟེ་བ་དྲུག འཁོར་མདའ་གཉིས་དང་ཁུལ་ལྔ། ལྡུམ་ར་བརྒྱ་དང་བར་ཁྱམས་སྟོང”བཅས་ཀྱི་འཛུགས་སྐྲུན་བཀོད་པར་དམིགས་ནས་རི་ཆུ་ནགས་ཞིང་དང་མཚོ་རྩྭ་བྱེ་མ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་ལ་སྐུལ་འདེད་བཏང་བ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ནགས་བཟོ་སྔོ་འགྱུར་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་སོགས་ཀྱི་ལས་དོན་སྤེལ་ཏེ་སྤང་ལྗོངས་རྒྱ་ཁྱོན་རྒྱུན་མཐུད་ཆེ་རུ་དང་ནགས་ཚལ་གྱི་སྤུས་ཚད་མཐོ་རུ་བཏང་ནས་འདམ་རའི་སྤྱི་གླིང་དང་ལྗང་ལམ་དྲ་རྒྱ་འཛུགས་སྐྱོང་བྱེད་མགྱོགས་སུ་བཏང་ཡོད། མིག་སྔའི་བར་རིམ་རྩིས་བརྒྱབ་ན། རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་རྒྱ་ཁྱོན་མུའུ་ཁྲི་2.85དང་ནགས་ཚལ་གསོ་སྐྱོང་མུའུ་ཁྲི་1.4གསར་དུ་འཕར་བ་རེད།

    མིག་སྔར། ཉིང་ཁྲི་གྲོང་ཁྱེར་གྱི་ནགས་སའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་657.44ཟིན་པ་དང་ནགས་ཚལ་ཁྱབ་ཚད་47.66%ཟིན་ཞིང་། ཡར་ཉང་ལུང་གཞུང་གི་རི་ལྡེབས་སུ་ཉིང་ཁྲི་གྲོང་ཁྱེར་གྱིས་སྐྱེ་ཁམས་སླར་གསོ་དང་མཛེས་ལྗོངས་ལེགས་གཏོང་ལས་གྲྭ་སྤེལ་ནས་ཆུ་བེད་རྨང་གཞིའི་སྒྲིག་བཀོད་ལེ་ལག་ཚང་བའི་སྒོ་ནས་བསྐྲུན་ཏེ་ཁམ་སྡོང་དང་། ལོ་མ་སྨུག་པོའི་ལི་ཤིང་། ཉིང་ཁྲིའི་ཐང་ཤིང་སོགས་ལྗོན་ཤིང་རིགས་ཁྲི་57ལྷག་བཙུགས་ཡོད། དེ་དང་ཆབས་ཅིག《ཉིང་ཁྲིའི“ཁམ་བུའི་མེ་ཏོག་གྲོང་ཁྱེར”གཏོད་པའི་ལོ་ལྔའི་བྱ་སྤྱོད་ལག་བསྟར་ཇུས་གཞི》བཏོན་ནས་མཛེས་ལྗོངས་ཀྱི་ཤིང་རིགས་ཁྲི་23བཙུགས་པའི་ནང་སྟར་སྡོང་ཁྲི་15ཡོད། “མི་རྒྱུ་རྩལ་གསུམ་གྱི་འགོག་ཟོན”གྱི་ཕྱོགས་བསྡུས་དོ་དམ་སྲུང་སྐྱོང་མ་ལག་བཙུགས་ནས“ནགས་ཚལ་སྐོར་གཡེང”གི་APPབཟོས་ཏེ་གྲངས་འཛིན་ཅན་གྱི་དོ་དམ་བྱས་པ་དང་། སྐྱེ་ཁམས་ནགས་སྲུང་བ་ཁྲི་12ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་རིམ་རྩིས་བརྒྱབ་ན་མི་ཐེངས་ཁྲི་3.79ཡིས་ནགས་ཚལ་ལ་སྐོར་གཡེང་བརྒྱབ་པ་དང་ཉིན་རེར་མི་རེས་ཆ་སྙོམས་ཆུ་ཚོད་4ཡན་སྐོར་སྲུང་བྱེད་ཀྱི་ཡོད། ལྗོན་ཤིང་ལྐོག་གཅོད་དང་གང་བྱུང་དུ་གཅོད་པའི་བྱེད་སྤྱོད་ལ་རྡུང་རྡེག་ནན་པོ་བཏང་བ་དང་། ནགས་ལས་ཀྱི་གནོད་ཡོད་སྐྱེ་དངོས་ཀྱི་གནོད་འཚེ་ཕོག་ཚད་5.2‰མན་དུ་ཚོད་འཛིན་བྱས་ཏེ་རྒྱལ་ཁབ་ཀྱི་ནགས་ཚལ་གྲོང་ཁྱེར་འཛུགས་གཏོད་ཀྱི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དང་མཐོར་འདེགས་བྱུང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།