དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • ཁམ་བུའི་མེ་ཏོག་ཁྲ་ཆིལ་ཆིལ། ཡུལ་ལུང་བཀོད་པ་སྣུམ་ཚིལ་ཚིལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-08

    རྒྱལ་ལམ་318ཀྱི་ཉེ་འགྲམ་དུ་གནས་པའི་ཉིང་ཁྲི་གྲོང་ཁྱེར“ཀ་ལའི་ཁམ་བུའི་མེ་ཏོག་ལྡུམ་རའི”མཛེས་ལྗོངས་ཁུལ་དུ་རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་ཡུལ་སྐོར་བ་རྣམས་ཁམ་བུའི་མེ་ཏོག་སྐྱེད་ཚལ་དུ་བསྐྱོད་ནས་གངས་ལྗོངས་ཀྱི་དཔྱིད་དཔལ་ཉམས་སུ་མྱོང་བཞིན་ཡོད།

    ཟླ་4ཚེས་3ཉིན། ཉིང་ཁྲིའི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་སྐབས་ཉེར་གསུམ་པ་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་སྤྱི་གླིང་དུ་འགོ་ཚུགས་ཤིང་། སྐབས་འདིའི་ཁམ་བུའི་མེ་ཏོག་དུས་ཆེན་ནང་མངོན་མིན་རིག་གནས་ཤུལ་བཞག་ཉམས་ལེན་དང་། ཀོག་ཧྥེའི་བྲོ་བ་མྱོང་རོལ། ཞིང་ལས་ཐོན་རྫས་འགྲེམས་ཚོང་སོགས་རིག་གནས་ཡུལ་སྐོར་བྱེད་སྒོ་20ལྷག་ཙམ་བཀོད་སྒྲིག་བྱས་ཡོད། ལོ་མང་འཕེལ་རྒྱས་བཏང་བ་བརྒྱུད། ཉིང་ཁྲིའི་ཁམ་བུའི་མེ་ཏོག་དུས་ཆེན་དེ་ད་ཆ་ས་གནས་དེ་གའི“དཔྱིད་དུས་དཔལ་འབྱོར”ལ་སྐུལ་ཁྲིད་བྱེད་པའི་སྤུས་རྟགས་བྱེད་སྒོ་གལ་ཆེན་ཞིག་ཏུ་གྱུར་ཡོད།

    ཉིང་ཁྲིའི་ཁམ་སྡོང་མང་ཆེ་བ་རི་སྐྱེས་ཡིན་པ་དང་སྣ་ཁ“སྤྲེལ་ཁམ”གྱི་ཁོངས་སུ་གཏོགས་པར་བརྟེན་ཡལ་ག་སྦོམ་ལ་མེ་ཏོག་ཁྲ་ཆིལ་ལེར་བཞད་པས་གསོན་ཤུགས་ཆེན་པོ་ལྡན་ཡོད། “ཀ་ལའི་ཁམ་བུའི་མེ་ཏོག་ལྡུམ་རའི”མཛེས་ལྗོངས་ཁུལ་ནི་ཀ་ལ་གྲོང་ཚོར་གནས་པ་དང་། དེ་ཡང་སྤྲིན་པ་གྲོང་ཚོའི་ཁོངས་གཏོགས་ཀྱི་རང་བྱུང་གྲོང་ཚོ་ཞིག་ཡིན། གྲོང་ཚོ་ཡོངས་སུ་དུད་ཚང་33དང་མི་གྲངས་150ལྷག་ཙམ་ལས་མེད་ཀྱང་། ལོ་བརྒྱ་ཡན་གྱི་རི་སྐྱེས་ཁམ་སྡོང་1253ཡོད།

    “ང་ཚོས་ཁམ་བུའི་མེ་ཏོག་གི་འབྲེལ་ཡོད་ཐོན་ལས་ལ་བརྟེན་ནས་གྲོང་ཚོའི་མཉམ་སྡེབ་ལ་ཡོང་འབབ་སྒོར་ཁྲི་350ལྷག་ཙམ་བྱུང་བ་དེས་གྲོང་ཚོའི་མཉམ་སྡེབ་ཡོང་འབབ་ཀྱི་བཅུ་ཆ་བཞི་ལྷག་ཙམ་བཟུང་ཡོད”ཅེས་སྤྲིན་པ་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཉི་མ་རྡོ་རྗེས་ངོ་སྤྲོད་བྱས། རི་ཀླུང་ཀུན་ཏུ་བཞད་པའི་ཁམ་སྡོང་དེ་དག་ནི་ཀ་ལ་གྲོང་ཚོའི“ཕྱུག་འགྱུར་གྱི་ལྡེ་མིག”ལྟ་བུ་རེད།

    ཀ་ལ་གྲོང་ཚོའི་ཡུལ་མི་ཟླ་བ་རྒྱལ་མཚན་འདི་ལོ་ལོ་42ལ་སླེབས་པ་དང་། ཆུང་བྱིས་པའི་དུས་སུ་ཁོང་གི་ཕ་མ་གཉིས་ཀྱིས་ཁམ་བུ་ཁག་གཅིག་ནོར་ལུག་ལ་སྟེར་བ་དང་ཁག་གཅིག་ཉི་སྐམ་གཏོང་གི་ཡོད། སྤུས་ཀ་ལེགས་པའི་ཁམ་བུ་ཁག་གཅིག་སླེ་པོའི་ནང་བླུགས་ནས་གྲོང་རྡལ་དུ་འཚོང་བར་འགྲོ་གི་ཡོད། “སླེ་པོ་གང་ལ་སྒོར་ཉི་ཤུ་ལྷག་ཙམ་ཟིན་གྱི་ཡོད”ཅེས་ཁོང་གིས་བཤད།

    ལོ་20ལྷག་ཙམ་གྱི་གོང་། ཟླ་བ་རྒྱལ་མཚན་གྱི་ཁྱིམ་ལ་ལོ་ལྟར་ཁམ་བུ་བཙོངས་ནས་ཡོང་འབབ་སྒོར་200ཙམ་ལས་མེད་པས་འཚོ་བར་དཀའ་ངལ་ཆེན་པོ་ཡོད། “ཁམ་བུའི་མེ་ཏོག་གི་ལྡུམ་ར”ཡིན་པའི་རང་བྱུང་གི་ནོར་བུ་དེ་མི་རབས་ནས་མི་རབས་བར་བསྲུངས་ཀྱང་དེ་དག་ཁ་ཡོད་ལག་ཡོད་ཀྱི་རྒྱུ་ནོར་དུ་འགྱུར་ཐུབ་མེད།

    2002ལོར་ཉིང་ཁྲི་གྲོང་ཁྱེར་ཡུལ་སྐོར་སྡེ་ཚན་གྱིས་ཀ་ལ་གྲོང་ཚོར“ཁམ་བུའི་མེ་ཏོག་དུས་ཆེན”གཏོང་འགོ་ཚུགས་ཤིང་། སྐབས་དེ་དུས་ཀ་ལ་གྲོང་ཚོར་ཁམ་སྡོང་ལ་མེ་ཏོག་སྟོང་ཕྲག་རབ་ཏུ་བཞད་ཀྱང་རྨང་གཞིའི་སྒྲིག་བཀོད་ཧ་ཅང་ཞན་པའི་དབང་གིས“ཁམ་བུའི་མེ་ཏོག་དུས་ཆེན”སྐབས་དང་པོ་དེ་པང་ལེབ་རྩུབ་པོ་དང་རས་དམར་པོ་བཏིང་བའི་སྟབས་བདེའི་སྡིངས་ཆ་ཞིག་ལས་མེད་པས། ཡུལ་སྐོར་བ་ཉིས་སྟོང་སུམ་སྟོང་ལས་ཡོང་མཁན་བྱུང་མེད།

    ཁམ་བུའི་མེ་ཏོག་དུས་ཆེན་གྱི་སྐད་གྲགས་རིམ་བཞིན་ཇེ་ཆེར་སོང་བ་དང་ཀོང་ཏུང་བོད་སྐྱོར་སྟོབས་ཤུགས་ཀྱི་རོགས་རམ་འོག ཀ་ལ་གྲོང་ཚོས་2015ལོར“ཀ་ལའི་ཁམ་བུའི་མེ་ཏོག་ལྡུམ་རའི”མཛེས་ལྗོངས་ཁུལ་བསྐྲུན་པ་རེད། དེ་སྔ་གུ་དོག་པའི་ལྗོངས་གཟིགས་སྟེགས་བུ་རྒྱ་སྐྱེད་བཏང་བ་དང་གཙང་སྦྲ་དོད་པའི་སྤྱི་པའི་གསང་སྤྱོད་བསྐྲུན་པ་མ་ཟད། ལམ་འབར་འབུར་དག་ཀྱང་ཁོད་སྙོམས་པའི་རྡོ་གཅལ་བཏིང་བ་དང་ཁམ་སྡོང་གླིང་དུ་གནའ་ཉམས་དོད་པའི་བསིལ་ཁང་མང་པོ་བསྐྲུན་པ་སོགས་རྨང་གཞིའི་སྒྲིག་བཀོད་ཆེས་ཆེར་ལེགས་སུ་ཕྱིན་ཏེ “ཀ་ལའི་ཁམ་བུའི་མེ་ཏོག”མཛེས་ལྗོངས་ཁུལ་གྱི་གཞི་ཁྱོན་རགས་ཙམ་ཆགས་ནས་གྲོང་ཚོའི་རིག་གནས་ཡུལ་སྐོར་གྱི་ཡོང་འབབ་ལོ་རེ་བཞིན་མང་དུ་ཕྱིན་ཡོད།

    ཉེ་བའི་ལོ་ཤས་རིང་། ཀ་ལ་གྲོང་ཚོས་ཉམས་ལེན་རིགས་དང་རིག་གནས་རིགས་སོགས་ཀྱི་རིག་གནས་ཡུལ་སྐོར་རྣམ་གྲངས་འཐུས་སྒོ་ཚང་དུ་གཏོང་རྒྱུའི་ཐད་ཤུགས་སྣོན་བརྒྱབ་པ་དང་། ཡུལ་སྐོར་བས་བོད་ཆས་གྱོན་ནས་ཆེད་ལས་མི་སྣའི་མཛུབ་ཁྲིད་འོག་ཀོང་པོའི་བི་ཤུ་རྒྱག་པ་དང་ཁམ་བུའི་མེ་ཏོག་ལྡུམ་རར་རྟ་བཞོན་ནས་དཔྱིད་དཔལ་གྱི་རྣམ་པ་ཡང་ཉམས་སུ་མྱོང་ཆོག

    ཀ་ལ་གྲོང་ཚོས་ད་དུང“ཡུལ་སྐོར+”ཀྱི་མཉམ་འདྲེས་འཕེལ་རྒྱས་སྔར་བས་ཟབ་ཏུ་བཏང་ནས“ཀ་ལའི་ཁམ་བུའི་མེ་ཏོག་ལྡུམ་རྭ”ཀ་རྟེན་དུ་བྱེད་པ་དང་། ཞིང་འབྲོག་པའི་སྐྱེལ་འདྲེན་རུ་ཁག་དང་། ཁམ་བུའི་མེ་ཏོག་གི་རི་གྲོང་ཡུལ་སྐོར་སྣེ་ལེན་ལྟེ་གནས་སོགས་ལེ་ལག་ཏུ་བྱེད་པའི་ཐོན་ལས་ཁྱུ་ཚོགས་བསྐྲུན་ཡོད།

    འདི་ལོ་ཀ་ལ་གྲོང་ཚོས་ཁམ་སེར་སྡོང་པོ་50བཙུགས་ཤིང་། གསར་དུ་ནང་འདྲེན་བྱས་པའི་ཁམ་སེར་སྡོང་པོ་དེ་དག་གི་མཐོ་ཚད་ལ་སྨི་གཉིས་ཡོད་ལ་མེ་ཏོག་མཚར་བ་དང་བཞད་ཡུན་རིང་བས། རི་སྐྱེས་ཁམ་སྡོང་གི་མེ་ཏོག་བཞད་མཇུག་སྒྲིལ་སྐབས་ཁམ་སེར་སྡོང་པོ་དེ་དག་བཞད་ནས་ཡུལ་སྐོར་བ་དེ་བས་མང་བས་ཉང་ཆུའི་ལུང་གཞུང་དུ་བོད་ཤར་ལྷོའི་དཔྱིད་དཔལ་གྱི་མཛེས་ལྗོངས་མྱོང་རོལ་ཐུབ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།