ས་བབ་སྨི་4500ཡི་སར་དམིགས་བསལ་བརྟན་སྲུང་བྱེད།

འདི་ནི་འབྲོག་པ་བསམ་གྲུབ་ཀྱིས་སྐྱེས་མ་ཐག་པའི་ལུ་གུ་པང་དུ་བཏབ་ཡོད་པ།

འདི་ནི་མཚོ་སྨད་རྫོང་སྒོ་བསྡུས་ཤང་བཀྲ་ཤིས་གསུམ་མདོ་གྲོང་ཚོའི་ལུ་གུ་ཡིན་པ།
དཔྱིད་དུས་ཀྱི་མཚོ་སྨད་རྫོང་སྒོ་བསྡུས་ཤང་བཀྲ་ཤིས་གསུམ་མདོ་གྲོང་ཚོར་གྲང་རླུང་འུར་འུར་དུ་ལྡང་ནས་ངོ་གདོང་ལ་ན་ཟུག་གཏོང་གི་ཡོད། འོན་ཀྱང་ས་བབ་སྨི་4500ཡི་རྩྭ་རར་ལུག་ཁྱུའི་འབའ་སྒྲ་སྒྲོག་བཞིན་མཆིས།
ལོ་60ཙམ་ལ་སླེབས་པའི་འབྲོག་པ་བསམ་གྲུབ་ཀྱིས་རྩྭ་ཆག་པ་མཇུག་ཤོས་དེ་ར་སྐོར་ནང་བླུགས་ནས་མི་རིང་བའི་སར་ཡོད་པའི་ལུག་ཁྱུར་ལྟ་སྐབས། ལུ་གུ་སྐྱེ་གྲབས་ཡོད་པའི་མ་མོ་ཁ་ཤས་དལ་བུར་སྐྱོད་བཞིན་ཡོད། བསམ་གྲུབ་ཀྱིས་རྩྭ་ཐང་དེའི་སྟེང་ལུག་འཚོས་ནས་ལོ་30ཕྱིན་ཡོད་པས། མ་མོར་ལུ་གུ་སྐྱེ་གྲབས་ཡོད་པ་སོགས་ཀྱི་གནས་ཚུལ་རྒྱུས་མངའ་ཆེན་པོ་ཡོད་པ་རེད།
ལྷས་ར་དང་བར་ཐག་སྨི་50ཙམ་ཡོད་སར་སྟབས་བདེའི་ཁང་པ་ཞིག་ཡོད་ཅིང་། ལོ་40ལ་སླེབས་པའི་ཞིང་འབྲོག་ལག་རྩལ་པ་བསྟན་འཛིན་ཆོས་འཕེལ་གྱིས་ཅོག་ཙེའི་སྟེང་ཡོད་པའི《ལུ་གུ་སྐྱེ་བསུའི་ཟིན་བྲིས་དེབ》ཐོག་རྟགས་རྒྱག་བཞིན་ཡོད། རེའུ་མིག་ནང“ཟླ་3ཚེས་10ཉིན། ལུ་གུ་28སྐྱེས་པ་དེ་དག་ཚང་མ་གསོན་པ་དང་། ཟླ་3ཚེས་11ཉིན། ལུ་གུ་23སྐྱེས་པ་དེ་དག་ཚང་མ་གསོན་པ། ཟླ་3ཚེས་12ཉིན་ནས་མིག་སྔའི་བར་ལུ་གུ་9སྐྱེས་པ་དང་ད་དུང་ལུ་གུ་སྐྱེ་རྒྱུ་ཇི་ཙམ་ཡོད་པ་ལ་སོགས”ཟིན་བྲིས་གསལ་པོ་བཀོད་ཡོད།
དཔྱིད་ཀ་དེར་མཚོ་སྨད་རྫོང་ཞིང་ལས་གྲོང་གསེབ་དང་ཚན་རྩལ་ཆུ་བེད་ཅུས་ཀྱིས་བསྟན་འཛིན་ཆོས་འཕེལ་བཀྲ་ཤིས་གསུམ་མདོ་གྲོང་ཚོའི་ཤིང་རུ་སྟོད་ཚོགས་ཆུང་དུ་མངགས་ནས། ཆུ་ཚོད་24ཡི་རིང་མ་མོ་དང་གསར་དུ་སྐྱེས་པའི་ལུ་གུ་དེ་དག་སྲུང་དུ་བཅུག་ཡོད།
མཚོ་སྨད་རྫོང་དུ་བསྟན་འཛིན་ཆོས་འཕེལ་དང་འདྲ་བའི་ལག་རྩལ་པ་14ཡོད་པ་དེ་དག་རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ་4ཡི་ཕྱུགས་འཚོ་ས་དང་མཉམ་ལས་ཁང་ཁག་ཏུ་བགོ་བཤའ་བརྒྱབ་ཡོད་ཅིང་། ཁོང་ཚོའི་ཁྲོད་ཞིང་ལས་རིགས་གཅིག་མཁས་ཅན་ཡོད་ལ། ཞིང་ལས་དང་འབྲེལ་བ་ཡོད་པའི་ཆེད་ལས་ཀྱི་སློབ་ཆེན་སློབ་ཐོན་སློབ་མ་ཡང་ཡོད། དཔྱིད་ཀ་དེར་ཁོང་ཚོ་གཞུང་ལས་ཁང་དུ་མི་སྡོད་པར་ལྷས་ར་དང་བ་ཚང་གི་ཉེ་འགྲམ་དུ་ལག་རྩལ་སློབ་ཁྲིད་བྱེད་པར་བསྐྱོད་ཡོད།
དོན་དངོས་ཐོག་རྩྭ་རར་བསྐྱོད་དེ་སྲུང་སྐྱོང་བྱེད་སྟངས་དེ་ན་ནིང་དགུན་ཁ་ནས་བཟུང་བཀོད་སྒྲིག་བྱས་ཡོད།
2025ལོའི་ཟླ་12པར། མཚོ་སྨད་རྫོང་གིས་ཚོགས་འདུ་གལ་ཆེན་ཐེངས་ཁ་ཤས་བསྟུད་མར་འཚོགས་ཤིང་། གཅིག་ནི་ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་རྒྱུའི་ལས་དོན་སྐོར་གྱི་ཆེད་དོན་ཚོགས་འདུ་ཡིན་པ་དང་། གཅིག་ཤོས་ནི་རྫོང་ཨུད་ཀྱི་གྲོང་གསེབ་ལས་དོན་གྱི་ཚོགས་འདུ་ཡིན་ཞིང་། ལས་དོན་ཚོགས་འདུའི་ཐོག་རྫོང་ཨུད་ཀྱི་ཧྲུའུ་ཅི་བསམ་གཏན་གྱིས“‘ཞིང་གསུམ’ལས་དོན་དེ་དོན་འཁྱོལ་ཡག་པོ་བྱེད་དགོས”ཞེས་བཤད་པ་དང་། ཁོང་གིས། ཚོགས་འདུའི་ཐོག་2026ལོར་རྫོང་ཡོངས་ཀྱི་ཤ་དང་། སྒོ་ང་། དཀར་ཆུ་བཅས་ཀྱི་ཐོན་འབབ་ཏུན་8739ཡན་བརྟན་པོ་ཡོང་བ་དང་ཕྱུགས་རིགས་བཤས་གཏོང་ཚད་མགོ་གྲངས་72670ཡན་ཟིན་པ་བྱ་རྒྱུའི་དམིགས་ཚད་གཏན་འཁེལ་བྱས་ཡོད་ཅེས་བཤད།
དེར་བརྟེན་མཚོ་སྨད་རྫོང་གིས་ད་ལོའི་ཟླ་བ་གཉིས་པར་ཞིང་འབྲོག་ལས་ཀྱི་གེགས་འགོག་དང་གནོད་འཚེ་ཉུང་གཏོང་གི་གཟན་ཆག་གྲབས་གསོག་དང་ཉོ་སྒྲུབ་རྣམ་གྲངས་ལག་ལེན་བསྟར་ཏེ་ཆེད་དོན་མ་དངུལ་སྒོར་ཁྲི་16དེ་དག་སོག་མ་དང་། རྩྭ་མུའུ་ཤུས། འབའ་ཆ་སོགས་ཚན་རིག་དང་མཐུན་པའི་སྦྱོར་རྟའི་གཟན་ཆག་སྤུས་དག་གྲབས་གསོག་བྱ་རྒྱུར་སྤྱད་དེ་ཕྱུགས་ཟོག་ལ་གཟན་ཆག་མི་ཆད་པའི་འགན་ལེན་བྱས་པ་རེད།
མཁྲེགས་ཆས་འཐུས་སྒོ་ཚང་བ་དང་མཉེན་ཆས་ཀྱང་རིམ་སྤོར་བྱས་ཤིང་། ཤིང་རུ་སྟོད་ཚོགས་ཆུང་དུ་ཟླ་ཕྱེད་ཙམ་སྡོད་རིང་བསྟན་འཛིན་ཆོས་འཕེལ་གྱི་མྱོང་ཚོར་ཆེ་ཤོས་ནི་འབྲོག་པའི་བསམ་བློར་འགྱུར་ལྡོག་ཕྱིན་པ་དེ་རེད། ཐོག་མར་བསམ་གྲུབ་ལ་སོགས་པའི་རྒན་རབས་པ་ཚོས་འཚོ་བའི་ཉམས་མྱོང་གང་ཡང་མེད་པའི་ན་གཞོན་དེར་ཡིད་ཆེས་དེ་ཙམ་བྱེད་ཀྱི་མེད། འོན་ཀྱང་ཐེངས་ཁ་ཤས་དང་དུས་ཐོག་ཏུ་སྐྱོབ་བཅོས་འགའ་ཤས་ལམ་ལྷོངས་བྱུང་མཐར་ཚང་མའི་རྣམ་འགྱུར་རིམ་བཞིན་འགྱུར་ལྡོག་སོང་ཡོད། ད་ཆ་ས་སྲོས་ཀྱི་མཚམས་སུ་བསམ་གྲུབ་ཀྱིས་རང་འགུལ་ངང་སྟབས་བདེའི་ཁང་པར་ཡོང་ནས་བསྟན་འཛིན་ཆོས་འཕེལ་ལ་ཉིན་དེའི་གནས་ཚུལ་སྙན་སེང་ཞུ་བ་དང་ཉིན་གཉིས་པར་དོ་སྣང་བྱེད་དགོས་པའི་དོན་ཚན་སྐོར་འདྲི་གི་ཡོད།
བསྟན་འཛིན་ཆོས་འཕེལ་གྱི་ཟིན་བྲིས་དེབ་ཐོག་ལུ་གུ་སྐྱེས་པའི་ཁ་གྲངས་བཀོད་པ་མ་ཟད། ད་དུང་མ་མོ་རེ་རེ་བཞིན་གྱི་གཟུགས་པོའི་གནས་ཚུལ་དང་སྐྱེས་མ་ཐག་པའི་ལུ་གུའི་ལྗིད་ཚད་དང་འོ་མ་འཐུང་ཚུལ་སོགས་ཀྱང་རྟགས་བརྒྱབ་ཡོད། མཐར་གྲངས་གཞི་དེ་དག་རྫོང་དུ་བསྐྱལ་ནས་སང་ལོའི་རྒྱུད་པ་ལེགས་བཅོས་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དཔྱད་གཞིར་འཛིན་གྱི་ཡོད།
བསྟན་འཛིན་ཆོས་འཕེལ་གྱིས“ང་ཚོ་ལུ་གུ་སྐྱེ་བསུ་བྱེད་རོགས་དུ་ཡོང་བ་མ་ཟད་ད་དུང་མཐིལ་རྟོགས་བྱེད་པར་ཡང་ཡོང་བ་ཡིན”ཞེས་བཤད།
ད་ཆ་མཚོ་སྨད་རྫོང་ཞིང་ལས་གྲོང་གསེབ་དང་ཚན་རྩལ་ཆུ་བེད་ཅུས་ཀྱི་གཞུང་དོན་ཁང་དུ་རྫོང་ཡོངས་ཀྱི་ལུ་གུ་སྐྱེ་བསུའི་མྱུར་ཚད་ཕྱོགས་སྡོམ་རེའུ་མིག་གི་གྲངས་གཞི་ཉིན་རེ་བཞིན་འཕར་བཞིན་ཡོད། མིག་སྔའི་བར་རྫོང་ཡོངས་སུ་ཕྱུགས་ཕྲུག་སྤུ་གསར་མགོ་གྲངས་2710ཡོད་པར་གསོན་ཚད་2606ཟིན་ནས་གསོན་ཚད་96%ཟིན་ཡོད།
འབྲོག་པའི་ངོས་ནས་བཤད་ན། ལུག་བཤས་གཏོང་ཚད་ཇི་ཙམ་མང་ཚེ་དེ་ཙམ་གྱིས་དངུལ་འབེལ་འབེལ་ལྷུག་ལྷུག་ཡོད། རྫོང་ཡོངས་ཀྱི་ཞིང་འབྲོག་པའི་འབབ་འཕར་མྱུར་ཚད་8.2%ཟིན་པའི་དམིགས་ཚད་འོག་དེ་དག་ནི་གྲངས་ཀ་ཙམ་ཡིན་པ་མ་ཟད་དུད་ཚང་མི་རེ་ངོ་རེར་དངུལ་འབེལ་པོ་ཡོད་མེད་དང་དེ་བས་འབྲེལ་བ་ཡོད། ལུ་གུ་སྐྱེ་བསུའི་ལས་ཀ་ནི་འབབ་འཕར་གྱི་ཐབས་ལམ་དང་པོ་དེ་རེད།
གློག་སྒྲོན་གསལ་ལ་སྲུང་མཁན་ཡོད་པའི་ལྷས་ར་ལས་ལུ་གུའི་འབའ་སྒྲ་ཆུང་ངུ་ཞིག་ཐོས་འོང་། ཕུར་བུ་དོན་གྲུབ་ཀྱིས་གད་མོ་དགོད་བཞིན་དུ་བསྟན་འཛིན་ཆོས་འཕེལ་ལ“ཁྱེད་རང་ཉན་དང་། ཡང་ལུ་གུ་གཅིག་སྐྱེས་སོང”ཞེས་བཤད།
འབྲེལ་ཡོད་གསར་འགྱུར།