དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • མཚོ་སྣ་གྲོང་ཁྱེར་གྱིས་གྲོང་གསེབ་ཀྱི་ཆུ་མཁོ་འདོན་རྫོང་ཁོངས་གཅིག་གྱུར་དོ་དམ་མ་ལག་གསར་གཏོད་བྱས་པ།

    སྐྱེ་ཁམས་མཛེས་ལ་ཆུ་སྤུས་ལེགས། འཐུང་ཆུའི་བདེ་འཇགས་འགན་ལེན་བཟང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-03

    ཉེ་བའི་ལོ་ཤས་རིང་། མཚོ་སྣ་གྲོང་ཁྱེར་གྱིས་འཛུགས་སྐྲུན་དང་དོ་དམ་གལ་ཆེ་མཉམ་འཛིན་དང་། དབང་ཆ་དང་འགན་འཁྲི་ཁ་གསལ། ཚན་རྩལ་གྱིས་མཐུན་རྐྱེན་སྦྱོར་བ་བཅས་ཀྱི་གྲོང་གསེབ་ཀྱི་ཆུ་མཁོ་འདོན་རྫོང་ཁོངས་གཅིག་གྱུར་དོ་དམ་མ་ལག་འཚོལ་ཞིབ་ཧུར་ཐག་བྱས་ཏེ། ཚད་གཞི་མཐོ་པོས་སྐུལ་འདེད་དང་། ལམ་སྲོལ་གསར་གཏོད། དཔུང་ཁག་འཛུགས་སྐྱོང་སོགས་ཀྱི་བྱེད་ཐབས་བརྒྱུད། མང་ཚོགས་ལ“ཆུ་འཐུང་རྒྱུ་ཡོད་པ”ནས“ཆུ་གཙང་མ་འཐུང་རྒྱུ་ཡོད་པའི”བར་རིམ་བཞིན་བསྒྱུར་ཏེ། ལྗོངས་ཡོངས་ཀྱི་གྲོང་གསེབ་ཀྱི་ཆུ་མཁོ་འདོན་ལས་གྲྭའི་རྫོང་ཁོངས་གཅིག་གྱུར་དོ་དམ་ལ་དཔེ་ལྟ་ཆོག་པ་དང་ཁྱབ་སྤེལ་གཏོང་ཆོག་པའི་ཉམས་མྱོང་མཁོ་འདོན་བྱས་ཡོད།

    འཛུགས་སྐྲུན་ལ་སྣང་ཆེན་བྱེད་པ་ལས་དོ་དམ་ལ་སྣང་ཆེན་མི་བྱེད་པ་དང་འགན་འཁྲི་ཁ་གསལ་པོ་མེད་པའི་གནད་དོན་མ་ཐོན་པར་བྱ་ཆེད། མཚོ་སྣ་གྲོང་ཁྱེར་གྱིས་གྲོང་གསེབ་ཀྱི་ཆུ་མཁོ་འདོན་དོ་དམ་ལམ་ལུགས་ཁག་སྔར་བས་འཐུས་སྒོ་ཚང་དུ་བཏང་བ་དང་། གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་འགན་ལེན་ལས་དོན་གྱི་ཆེད་དོན་ཚོགས་འདུ་འཚོགས་ཏེ་ཁོངས་གཏོགས་ཁུལ་གྱི་ཤང་དང་གྲོང་རྡལ་དང་། ལས་རིགས་སྡེ་ཚན། རྫོང་ཁོངས་གཅིག་གྱུར་དོ་དམ་ཚན་པ་བཅས་ཀྱི་འགན་འཁྲི་དང་ལས་འགན་ཁ་གསལ་བཟོས་ཡོད།

    “དེ་སྔ་འགྱིག་དམ་དང་ཐུམ་སྒྲིལ་ཁུག་མ་སོགས་གང་འདོད་དུ་དབྱུགས་ནས་ཆར་པ་བབས་རྗེས་ཚང་མ་གཙང་པོར་འཁྱེར་འགྲོ་གི་ཡོད་པས་སེམས་ཁྲལ་ཆེན་པོ་འདུག” མཁར་ལྟག་ཤང་གི་མང་ཚོགས་བཀྲ་ཤིས་ལ་ཆུ་བོ་དང་མཚོ་ཡི་སྐྱེ་ཁམས་འགྱུར་ལྡོག་ཐད་མྱོང་ཚོར་ཧ་ཅང་ཟབ་མོ་ཡོད། ཁོང་གིས་གསར་འགོད་པར་དེ་སྔ་གྲོང་གསེབ་ཀྱི་ཆུ་མཁོ་འདོན་ལས་གྲྭ་ཁ་ཐོར་ཡིན་པ་དང་གཅིག་གྱུར་དོ་དམ་མི་ཐུབ་པས། ཆུ་ཁུངས་ཁག་གཅིག་གི་མཐའ་འཁོར་དུ་ཤིང་ནགས་གང་བྱུང་དུ་གཅོད་པ་དང་གང་འདོད་དུ་བཙོག་ཆུ་འབུད་པའི་གནས་ཚུལ་ཐོན་ནས་ཆུ་བོ་དང་མཚོ་ཡི་ཆུའི་སྤུས་ཚད་ཞན་དུ་ཕྱིན་པ་མ་ཟད། མཐའ་འཁོར་གྱི་སྔོ་ཁེབས་ལའང་གཏོར་སྐྱོན་ཕོག་ཡོད་ཅེས་བཤད།

    གནས་ཚུལ་དེ་རིགས་ལ་དམིགས་ནས། མཚོ་སྣ་གྲོང་ཁྱེར་གྱིས“གྲོང་གསེབ་ཀྱི་ཆུ་མཁོ་འདོན་དོ་དམ་ས་ཚིགས་དང་། ཆུ་དོན་ཀུང་སི། གྲོང་ཚོ་རིམ་པའི་ཆུའི་དོ་དམ་པ་བཅས་ཟུང་དུ་འབྲེལ་བའི”སྤྱི་འདོམས་བྱེད་སྟངས་འཚོལ་ཞིབ་བྱས་ནས་བཟོས་པ་དང་། ཆེད་བསྐོས་དོ་དམ་སྒྲིག་གཞི་ཡིན་པའི་གྲོང་གསེབ་ཀྱི་ཆུ་མཁོ་འདོན་དོ་དམ་ས་ཚིགས་ཀྱིས་སྤྱི་འདོམས་མཐུན་སྦྱོར་དང་། སྲིད་ཇུས་དོན་འཁྱོལ། རྒྱུན་གཏན་གྱི་ལྟ་འདོམས་བཅས་ཀྱི་འགན་འཁུར་བ། ཆུ་དོན་ཀུང་སིས་ལག་རྩལ་གྱི་ལེགས་ཆ་བཏོན་ནས་གཅིག་སྡུད་ཆུ་མཁོ་འདོན་བཟོ་གྲྭ་བཀོལ་སྤྱོད་བདག་སྐྱོང་དང་། རིག་ལྡན་ལས་སྟེགས་འཛུགས་པ། ཆེད་ལས་ཀྱི་ཉམས་བཟོ་བྱེད་པ་བཅས་ཀྱི་འགན་འཁུར་བ། གྲོང་ཚོ་རིམ་པའི་ཆུའི་དོ་དམ་པས་གཞི་རིམ་དུ་གཞི་ཚུགས་ནས་ཁ་ཐོར་གྱི་ཆུ་ཁུངས་ས་ཚིགས་སུ་སྐོར་ཞིབ་དང་། འཕྲལ་སྡོམ་གོང་ཞུ། མང་ཚོགས་དང་འབྲེལ་གཏུག་བྱེད་པ་བཅས་ཀྱི་འགན་འཁུར་གྱི་ཡོད།

    དེ་དང་ཆབས་ཅིག་མཚོ་སྣ་གྲོང་ཁྱེར་གྱིས་ལོ་ལྟར་སྔོན་རྩིས་སྒོར་ཁྲི་200ལྷག་ཙམ་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་འགན་ལེན་གྱི་ཆེད་སྤྱོད་གྲོན་དངུལ་དུ་བཞག་ནས་ལས་གྲྭ་ཉམས་བཟོ་དང་། ཆུ་སྤུས་ཞིབ་དཔྱད་ཚད་ལེན། འཕྲལ་སྡོམ་ཐག་གཅོད་བཅས་ལ་སྤྱོད་ཀྱི་ཡོད། མ་དངུལ་བེད་སྤྱོད་ཐད་གྲོང་ཚོ་རིམ་པས་ཡིག་ཐོག་སྙན་ཞུ་འབུལ་བ་དང་། ཤང་རིམ་པས་ཞིབ་དཔྱད་བྱེད་པ། ཆུ་བེད་སྡེ་ཚན་གྱིས་ཞིབ་བཤེར་གཏན་འབེབས་བྱེད་པ་བཅས་ཀྱི་གོ་རིམ་ལག་བསྟར་ནན་པོ་བྱས་ཏེ། ཆེད་དངུལ་ཆེད་སྤྱོད་དང་ཚད་ལྡན་ནུས་ཆེ་ཡོང་བར་འགན་ལེན་བྱེད་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།