དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • དཔྱིད་དཔལ་ལ་བསྒྲོན་པའི་རམ་དཀྲོལ་རོལ་དབྱངས།

    —— 2026ལོའི་ལྷ་སའི་དཔྱིད་དུས་འོས་འགན་ཤིང་འཛུགས་བྱེད་སྒོའི་ཟུར་བྲིས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-02

    འདི་ནི་ངལ་རྩོལ་ལ་ཞུགས་མཁན་རྣམས་དྲན་རྟེན་པར་རྒྱག་བཞིན་པ།

    འདི་ནི་ངལ་རྩོལ་ལ་ཞུགས་མཁན་གྱིས་ཤིང་འཛུགས་བཞིན་པ།

    འདི་ནི་ངལ་རྩོལ་ལ་ཞུགས་མཁན་གྱིས་ཤིང་འཛུགས་བཞིན་པ།

    དབོ་ཟླར་རླུང་ཆེན་གཡོས་པས་ཉལ་ཉིལ་འཕྱག དྲོས་ཀྱིས་ཆབ་རོམ་བཞུས་པས་རྡུལ་ཚོགས་གནོན། དྲི་ཞིམ་གཏུལ་ཞིང་སྤྲིན་གྱི་རྔ་གསང་སྒྲོགས། བྱ་རྒྱལ་མགྲོན་དུ་འབོད་པའི་སྟ་གོན་ལགས། ཞེས་པའི་ཟླ་བཤད་རྐང་བཞི་མ་འདི་ནི་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གིས་བོད་ཟླ་གཉིས་པའི་གནམ་གཤིས་ཁྱད་ཆོས་བཀོད་པའི་བསྡོམས་ཚིག་ཅིག་རེད།

    ཟླ་བཤད་ཀྱི་སྔོན་རྩིས་ལྟར་དཔྱིད་ཀྱི་དཔལ་ཡོན་གང་ས་ནས་མངོན་འགོ་ཚུགས་ཤིང་། དཔྱིད་ཉིན་མཚན་མཉམ་པའི་ཉིན་མོ་སྟེ། སྤྱི་ཟླ་གསུམ་པའི་ཚེས་20ཉིན་གྱི་ཕྱི་དྲོར། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་ལས་བྱེད་ལས་བཟོ་ཚོས་སྐྱིད་ཆུའི་སྨད་རྒྱུད་དུ་གནས་པའི་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གནམ་ཤང་ལྗང་གྲོང་ཚོར་སྐྱོད་དེ་ངལ་རྩོལ་པ་བྱིངས་དང་འདྲ་བར་ཚ་ཚ་འུར་འུར་ངང་ད་ལོའི་དཔྱིད་དུས་འོས་འགན་ཤིང་འཛུགས་ཀྱི་བྱེད་སྒོར་ཞུགས་ཤིང་། ངལ་རྩོལ་ལ་ཞུགས་མཁན་ཀུན་གྱིས་ང་ཤོར་ཁྱོད་ཤོར་གྱི་རྣམ་པའི་ཁྲོད་ཤིང་འཛུགས་ལ་མཁོ་བའི་ལག་ཆ་ཁྱེར་ཏེ་བཞད་གད་དང་བཅས་འབྲེལ་ཡོད་ནགས་ལས་སྡེ་ཚན་གྱིས་བཀོད་སྒྲིག་བྱས་པའི་ཐང་མ་སྒྲོན་ཤིང་དང་ལྕང་སྨུག ཚོས་སེར་ཤིང་ལ་སོགས་ས་མཐོའི་ཁོར་ཡུག་ལ་འཕྲོད་ཟིན་པའི་སྡོང་ཕྲུག་ལྗང་གྲོང་ཚོའི་ས་གཞི་དེའི་ཐོག་བཏབ་སར་སྐྱེ་ཞིང་། སྐྱེ་སར་ཡལ་འདབ་ལོ་མ་རྒྱས་པའི་རྟེན་འབྲེལ་གྱི་ཆ་རྐྱེན་བསྐྲུན་པ་རེད།

    གསར་འགོད་པས་ཡུལ་དངོས་སུ་མཐོང་ཐོས་བྱུང་གསལ། ཉིན་ཤས་བསྟུད་མར་བོད་རང་སྐྱོང་ལྗོངས་ཀྱི་ཐད་གཏོགས་ལས་ཁུངས་དང་། ལྷ་ས་གྲོང་ཁྱེར་གྱི་ཐད་གཏོགས་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པས་ཚ་ཚ་འུར་འུར་ངང་ད་ལོའི་དཔྱིད་དུས་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་ཏེ། དངོས་སྒྲུབ་འགན་ཁུར་གྱི་ཐོག་ནས་ས་མཐོའི་སྣོད་བཅུད་ཀྱི་རྨང་གཞི་བརྟན་དུ་བཏང་ནས་ཚད་གཞི་མཐོན་པོས་ལྷོ་རི་བྱང་རི་སྔོ་ལྗང་ཅན་དུ་བསྒྱུར་བའི་དཔྱིད་དུས་ཤིང་འཛུགས་ནགས་གསོའི་འགག་སྒྲོལ་ལས་དོན་ཐད་ནུས་ཤུགས་འདོན་བཞིན་ཡོད་པ་དེ་ནི་ནམ་དུས་འདིའི་ཆེས་མཛེས་ཤོས་ཀྱི་རྣམ་པ་གཞན་ཞིག་རེད།

    ལྷ་ས་གྲོང་ཁྱེར་ནགས་ལས་རྩྭ་ཐང་ཅུས་ཀྱི་འགན་འཁུར་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། ད་ལོའི་འོས་འགན་ཤིང་འཛུགས་བྱེད་སྒོའི་ནང་ཁྱོན་སྡོང་ཕྲུག་རྐང་ཁྲི་1.9འདེབས་རྒྱུ་ཡིན་པར་གཞི་ཁྱོན་མུའུ་200ཙམ་ཟིན་ཡོད། ལོ་འཁོར་གྱི་འཆར་གཞི་ལྟར་ན། 2026ལོར་ལྷ་ས་གྲོང་ཁྱེར་ཡོངས་ཀྱིས་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭའི་ལྟེ་བའི་ལས་འགན་མུའུ་ཁྲི་9.68ལེགས་སྒྲུབ་བྱ་རྩིས་ཡོད་པ་དང་། ས་མཐོར་ལྗོན་ཤིང་འདེབས་པའི་ནམ་དུས་ཡག་ཤོས་ཤིག་ཡིན་པའི་ངོས་ནས་གྲོང་ཁྱེར་དེ་ཡོངས་ཀྱིས་དཔྱིད་ཀའི་དུས་ཚིགས་དམ་འཛིན་བྱས་ཏེ། སྔོན་དཔག་བྱས་ན་ཟླ་5པའི་ཟླ་མཇུག་ཏུ་ལོ་འཁོར་གྱི་ནགས་བཟོའི་ལས་འབོར་ལེགས་སྒྲུབ་བྱས་ནས་ལས་གྲྭའི་སྤུས་ཚད་ལ་འགན་ལེན་བྱེད་རྩིས་ཡོད་པ་རེད།

    ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་དམངས་ཡོངས་ཀྱི་འོས་འགན་ཤིང་འཛུགས་ནགས་གསོའི་བྱེད་སྒོ་རྒྱུན་མཐུད་ངང་སྤེལ་ཞིང་། རིམ་རྩིས་བྱས་ན་ལས་བྱེད་མང་ཚོགས་དང་། ལས་རིགས་ཁག་གི་འཐུས་མི་ཆིག་ཁྲི་ཤིང་འཛུགས་ནགས་གསོའི་ནང་ཞུགས་པར་སྐུལ་སློང་བྱས་ནས་མུའུ་ཁྲི་ཡི་ཡུག་སྦྲེལ་ནགས་ཚལ་བཏབ་ཡོད་པ་རེད། ལྷོ་རི་བྱང་རིའི་སྔོ་ལྗང་ཅན་དང་། གྲོང་ཁུལ་སྔོ་ལྗང་ཅན། གྲོང་གསེབ་སྔོ་ལྗང་ཅན་སོགས་ཀྱི་འདུ་འགོད་ལག་ལེན་བསྟར་བ་དང་བསྟུན་ནས་གྲོང་ཁྱེར་ཡོངས་ཀྱི་སྣོད་བཅུད་རྒྱུན་མཐུད་ལེགས་སུ་ཕྱིན་པ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་མཛེས་སུ་ཕྱིན་པ་མ་ཟད། སྣོད་བཅུད་དོ་དམ་སྲུང་སྐྱོབ་དང་། ལྕང་སོན་གསོ་སྤེལ་སོགས་འབྲེལ་ཡོད་ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་པ་དང་གྲོང་གསེབ་དར་རྒྱས་ལ་སྣོད་བཅུད་ཀྱི་སྒུལ་ཤུགས་བསྣན་པས་སྣོད་བཅུད་དང་། སྤྱི་ཚོགས། དཔལ་འབྱོར་བཅས་ཀྱི་ཕན་འབྲས་བཟང་པོ་ཐོན་ཡོད་པ་རེད།

    ལྷ་ས་གྲོང་ཁྱེར་གྱིས་མཚོ་བོད་ས་མཐོའི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བརྟན་དུ་གཏོང་བ་དང་། གྲོང་ཁྱེར་གྱི་སྣོད་བཅུད་ཁོར་ཡུག་ལེགས་སུ་གཏོང་བ། གྲོང་ཁུལ་གྱི་བྱེ་རླུང་གནོད་འཚེ་རྩ་བཅོས་བྱེད་པ་བཅས་ཀྱི་དམངས་འཚོའི་སྣོད་བཅུད་འདུ་འགོད་གལ་ཆེན་ཞིག་ཡིན་པའི་ངོས་ནས་ལྷོ་རི་བྱང་རིའི་སྔོ་ལྗང་ཅན་དུ་བསྒྱུར་བའི་འདུ་འགོད་ལག་བསྟར་བྱས་ཚུན་གཞི་ཁྱོན་ཆེན་པོས་ཤིང་འཛུགས་ནགས་གསོའི་འགག་སྒྲོལ་རྒྱུན་མཐུད་བྱས་པས་བོད་ལྗོངས་ཀྱི་རི་བོ་སྔོ་ལྗང་ཅན་དུ་འགྱུར་བའི་ཚད་ཤིང་ལྟ་བུའི་རྣམ་གྲངས་ཤིག་ཏུ་གྱུར་ཡོད། མིག་སྔའི་བར། འདུ་འགོད་དེས་རིམ་རྩིས་བྱས་ན་ནགས་བཟོ་མུའུ་ཁྲི་91.98བྱས་ནས་དེ་སྔ་སྐྱ་ཐེར་ཐེར་གྱི་རི་ཁ་རིམ་བཞིན་སྔོ་ཐིང་ཐིང་དུ་གྱུར་བ་དང་། གྲོང་ཁྱེར་གྱི་སྣོད་བཅུད་སྲུང་ཡོལ་རྒྱུན་མཐུད་བརྟན་དུ་ཕྱིན་ནས་སྣོད་བཅུད་ཁོར་ཡུག་ལེགས་གཏོང་གི་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།

    གངས་ལྗོངས་ས་མཐོའི་དམིགས་བསལ་གྱི་ཁོར་ཡུག་འདིའི་ནང་དུ་ལས་ལ་བརྩོན་པའི་མི་རིགས་ཁག་གི་བུ་ཕྲུག་ཚོས་རང་བྱུང་ཁམས་ལ་བསྟུན་མཁས་ཀྱི་བློ་གྲོས་སྤྱད་དེ། མེས་རྒྱལ་གྱི་ས་གཞི་ཆེན་པོ་སྤྱི་དང་འདྲ་བའི་མཛེས་སྡུག་གི་རྣམ་པ་ཞིག་གཏོད་བཞིན་ཡོད་པ་འདི་ནི་དཔྱིད་ཀྱི་དཔལ་ཡོན་བཞད་པའི་དུས་ཚིགས་འདི་ལ་བསྒྲོན་པའི་རམ་དཀྲོལ་རོལ་དབྱངས་ཤིག་དང་ཀུན་ནས་མཚུངས།

    གསར་འགོད་པ། དཔལ་མཆོག བསོད་ནམས་ཆོས་སྒྲོན། པ་སངས་དབང་མོ།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།