དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • “དགུན་དུས་བོད་ལ་ཡུལ་སྐོར་བྱེད་པའི”བྱེད་སྒོས་གངས་ལྗོངས་ས་མཐོའི་འཕེལ་རྒྱས་ཀྱི་གསོན་ཤུགས་འཕེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-03-29

    འདི་ནི་རེས་སྐོར་བརྒྱད་པའི“དགུན་དུས་བོད་ལ་ཡུལ་སྐོར་བྱེད་པའི”བྱེད་སྒོ་སྤེལ་རིང་། ཡུལ་སྐོར་བ་གོ་རིམ་ལྡན་པའི་ངང་ཕོ་བྲང་པོ་ཏ་ལར་ལྟ་སྐོར་ལ་འགྲོ་བཞིན་པ།

    2018ལོར་བོད་ཀྱིས“དགུན་དུས་བོད་ལ་ཡུལ་སྐོར་བྱེད་པའི”ཁྲོམ་རའི་སྐུལ་སྤེལ་བྱེད་སྒོ་ཐེངས་དང་པོ་སྤེལ་ཡོད།

    2026ལོའི་ཟླ་3ཚེས་15ཉིན་རེས་སྐོར་བརྒྱད་པའི“དགུན་དུས་བོད་ལ་ཡུལ་སྐོར་བྱེད་པའི”ཁྲོམ་རའི་སྐུལ་སྤེལ་བྱེད་སྒོ་མཇུག་འགྲིལ་བ་རེད།

    ལོ་བརྒྱད་རིང“དགུན་དུས་བོད་ལ་ཡུལ་སྐོར་བྱེད་པའི”བྱེད་སྒོ་སྤེལ་རྗེས། གངས་ལྗོངས་སུ་འཕེལ་རྒྱས་ཀྱི་ཚ་རླབས་འཕྱུར་ཡོད། ཚ་རླབས་དེས་མཛེས་ལྗོངས་ཁུལ་དུ་མི་མང་དུ་ཕྱིན་པ་དང་མི་སེར་ཕྱུག་པོར་གྱུར་ཡོད་ལ། མི་སེམས་ལ་དྲོ་སྐྱིད་དེ་བས་ཀྱང་སྦྱིན་ཡོད།

    འདི་ག་ཚགས་པར་གྱི་གསར་འགྱུར་ཟབ་སྤེལ་ལས་དོན་ཁང་གིས་དེ་རིང་ཁྱེད་རང་བོད་ཀྱི་ཡུལ་སྐོར་ལ་ཚ་རླབས་ཇི་ལྟར་འཕྱུར་བའི་ལམ་བུར་ལྟ་སྐོར་ལ་འཁྲིད་ཀྱི་ཡིན།

    དབྱར་ཀ་ཡུལ་སྐོར་བྱེད་མཁན་མང་བ་ནས་དགུན་དུས་ཀྱང་ཡུལ་སྐོར་བྱེད་མཁན་དེ་བས་མང་བར་གྱུར་པ།

    དེ་སྔ་དགུན་དུས་ནི་བོད་ཀྱི་ཡུལ་སྐོར་ལས་དོན་པ“ངལ་གསོ་རྒྱག་པའི་དུས་ཚོད”རེད་ཅེས་བརྗོད་ཀྱི་ཡོད།

    ལོ་རེའི་ཟླ་10པ་རྫོགས་མ་ཐག་ཡུལ་སྐོར་སྣེ་ཤན་པ་ཀྲོའུ་ཡོན་གྱིས་དེ་རྗེས་ཀྱི་དུས་ཚོད་ཇི་ལྟར་བྱས་ནས་སྐྱེལ་དགོས་མིན་ཐད་བསམ་བློ་གཏོང་གི་ཡོད། ཁོང་གིས“སྔོན་མ་དུས་ཚོད་དེར་ཡུལ་སྐོར་བ་ཉུང་ལ། ལས་ཀ་དེ་བས་ཀྱང་ཉུང་བས། ལས་རིགས་གཅིག་པ་མང་པོ་ཞིག་ཐད་ཀར་ཕ་ཡུལ་ལ་ལོག་སྟེ་སང་ལོའི་ཟླ་བ་བཞི་པར་གཞི་ནས་བོད་ལ་ཡོང་གི་ཡོད”ཅེས་བཤད།

    “ཚ་རླབས་འཕྱུར་བར”ཐབས་ཤེས་བཟང་པོ་དགོས།

    རང་སྐྱོང་ལྗོངས་ཀྱིས་རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་ལྟེ་བའི་དམ་འཛིན་བྱ་གཞིར་བརྩིས་ནས་དེ་ཉིད“ཐོན་ལས་ཆེ་གྲས་དགུའི”ནང་བཅུག་སྟེ《བོད་རང་སྐྱོང་ལྗོངས་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་འཕེལ་རྒྱས་འཆར་འགོད(2025ལོ་ནས་2035ལོ་བར)》སོགས་ཀྱི་ཡིག་ཆ་བཏོན་ནས“དགུན་དུས་བོད་ལ་ཡུལ་སྐོར་བྱེད་པའི”བྱེད་སྒོ་རབ་དང་རིམ་པ་རྒྱུན་མཐུད་སྤེལ་ཏེ“འཆར་འགོད་ཀྱི་ཁྲིད་སྟོན་དང་སྲིད་ཇུས་ཀྱི་འདེགས་སྐྱོར་ཟུང་དུ་འབྲེལ་བའི”སྣ་འདུས་ཐབས་བཟང་ཞིག་གྲུབ་པར་བྱས་ཡོད།

    “རིན་གོང་མཐོ་བ་དང་། ཡུལ་སྐོར་རྣམ་གྲངས་ཉུང་བ། ཁྲོམ་ར་འཁྲུག་པོ་མེད་པ”བཅས་ནི་དེ་སྔ་བོད་ཀྱི་དགུན་དུས་ཡུལ་སྐོར་གྱི་དཀའ་གནད་ཅིག་ཡིན་ཞིང་། དེ་ལས་ཚད་བརྒལ་བྱེད་པར་ངེས་པར་དུ་ཡུལ་སྐོར་བའི་དགོས་མཁོར་དམིགས་ནས“བྱས་པ་ཅན་གྱི་སྲིད་གཞུང”དང“ནུས་ལྡན་གྱི་ཁྲོམ་རར”མཉམ་དུ་ཤུགས་རྒྱག་དགོས་ཀྱི་ཡོད།

    དགོས་མཁོ་མི་འདྲ་བར་གཞིགས་ནས་ཡུལ་སྐོར་བ་ཉུང་བའི་དུས་ཚིགས་ཀྱི་རིན་གོང་ལག་བསྟར་བྱས་ནས། Aརིམ་པའི་མཛེས་ལྗོངས་ཁུལ་ལ་སྒོ་འཛིན་མི་དགོས་པ་སོགས་ཀྱི་ཐབས་བཟང་ལ་བརྟེན་ནས་ཡུལ་སྐོར་གྱི་འགྲོ་སོང་ཉུང་དུ་བཏང་སྟེ་མི་རྣམས་ལ་འཚང་གཡོལ་གྱིས་བོད་ཀྱི་དགུན་དུས་ཀྱི་ཉི་འོད་དང་། གངས་ལྗོངས་ཀྱི་མཛེས་པ། ཁྱད་ལྡན་དམངས་སྲོལ་བཅས་ལོངས་སུ་སྤྱོད་པར་ཡོང་རྒྱུའི་ཡིད་དབང་བཀུག་ཡོད།

    མཁོ་སྤྲོད་ཕྱོགས་ལ་དམིགས་ཏེ་ནོར་སྲིད་ཀྱི་མ་དངུལ་ལ་བརྟེན་ནས་རིག་གནས་ཡུལ་སྐོར་གྱི་མ་འཇོག་སྐུལ་སྤེལ་བྱས་ཏེ“དགུན་དུས་བོད་ལ་ཡུལ་སྐོར་བྱེད་པའི”བྱེད་སྒོར་ཞུགས་མཁན་ཡུལ་སྐོར་ལས་དོན་ཁང་ལ་རིན་གོང་དང་། གནམ་གྲུ་དང་མེ་འཁོར་གཙང་གླས་བཅས་ལ་གཟིགས་སྐྱོང་བྱས་པ་དང་། རིན་མེད་ངང་སྒོ་ཕྱེ་བའི་Aརིམ་པའི་མཛེས་ལྗོངས་ཁུལ་དང་། གནམ་གྲུ་གཙང་གླས་ཀྱི་ལས་སྒོ་གཉེར་མཁན་མཁའ་འགྲུལ་ཀུང་སི། རླངས་འཁོར་ཞབས་ཞུ་སྒྲུབ་མཁན་ཡུལ་སྐོར་འགྲུལ་སྐྱེལ་ཁེ་ལས་བཅས་ལ་ནོར་སྲིད་ཀྱི་ཁ་གསབ་སྤྲད་ནས་སྲིད་ཇུས་ཀྱི་ཕན་པ་ཐོབ་པའི་འགན་ལེན་བྱས་ཡོད།

    སྲིད་ཇུས་ཀྱིས་གནད་སྨིན་ཤུགས་འདོན་བྱས་པས་ཁྲོམ་རར་འཕྲལ་དུ་ཕན་པ་ཐོབ་པ།

    “གནད་སྨིན་སྲིད་ཇུས་ཀྱིས་ཁྲོམ་རའི་གསོན་ཤུགས་འཕེལ་སོང”ཞེས་བོད་རང་སྐྱོང་ལྗོངས་ཡུལ་སྐོར་ལས་དོན་ཁང་མཐུན་ཚོགས་ཀྱི་ཚོཌ་གཙོ་དང་བོད་ལྗོངས་ཡུལ་སྐོར་མ་འཇོག་དང་ཡུལ་སྐོར་ཞབས་ཞུ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཀོན་ཅན་ཅུན་གྱིས་སྲིད་ཇུས་དོན་འཁྱོལ་བྱུང་མ་ཐག་ཡུལ་སྐོར་བའི་གྲངས་འབོར་ཤུགས་ཆེན་འཕར་བར་སྐུལ་ཁྲིད་ཐུབ་སྟེ། ཡུལ་སྐོར་དང་། བཟའ་བཏུང་། གསོལ་མགྲོན་ཁང་། དམངས་སྲོལ་གནས་ཚང་། བདལ་གཏོང་རླངས་འཁོར་སོགས་ཐོན་ལས་མཉམ་དུ་གསོན་ཤུགས་རྒྱས་པ་དང་། ཁ་ལོ་བ་དང་སྣེ་ཤན་པ་སོགས་ལས་སྒྲུབ་མི་སྣར་ཡང་དགུན་དུས་ཀྱང་ལས་ཀ་ཡོད་པ་དང་ཡོང་འབབ་གསོག་ཐུབ་པ་བྱུང་ཡོད་ཅེས་བཤད།

    ཞིབ་ཅིང་ཁུངས་བཙན་གྱི་གྲངས་གཞི་ལས་འཕེལ་རྒྱས་ཀྱི་ཕན་འབྲས་མངོན་ཞིང་། གྲངས་གཞི་ལས་མངོན་པ་ལྟར་ན། གོང་གི་རེས་སྐོར་བདུན་གྱི“དགུན་དུས་བོད་ལ་ཡུལ་སྐོར་བྱེད་པའི”ཁྲོམ་རའི་སྐུལ་སྤེལ་བྱེད་སྒོ་སྤེལ་རིང་། རིམ་རྩིས་བརྒྱབ་ན་ཡུལ་སྐོར་བ་མི་ཐེངས་ཁྲི་3119.47ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་305.91བྱུང་ཡོད་པ་རེད།

    དེ་དང་ཆབས་ཅིག་བོད་ཀྱི་རྒྱལ་སྤྱིའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་དམིགས་སའི་ཡིད་དབང་འཕྲོག་ཤུགས་ཉིན་རེ་བཞིན་ཆེ་རུ་སོང་བ་དང་ཡུལ་སྐོར་ཁྲོམ་རའི་གྲུབ་ཆའང་མུ་མཐུད་ལེགས་སུ་ཕྱིན་ཞིང་། 2025ལོར་མངའ་ཁོངས་ནང་ཡོང་མཁན་ཡུལ་སྐོར་བ་མི་ཐེངས་ཁྲི་43.74ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་36.5%འཕར་ཡོད་པ་རེད།

    “དགུན་སྒྲོལ་དཀའ་བ”ནས“དགུན་ཁ་ཡོང་འབབ་གསོག་ཐུབ་པར”གྱུར་པ།

    སྲིད་ཇུས་ཀྱི་དཔྱིད་རླུང་གིས་ཁྲོམ་རར་སྐྱེ་སྟོབས་ཀྱི་གསོན་ཤུགས་རྒྱས་པ་མ་ཟད། ལས་ཞུགས་པའི་ཕྱོགས་སྒྱུར་གྱི་སྤྲོ་སེམས་ཀྱང་འཕེལ་ཏེ་ཚང་མའི་འདུ་ཤེས“དགུན་ཁ་ཇི་ལྟར་སྒྲོལ་བ”ནས“དགུན་ཁ་ཡོང་འབབ་ཇི་ལྟར་གསོག་པའི་བར”འགྱུར་བ་ཕྱིན་པ།

    བར་སྐོར་ཁྲོམ་གཞུང་གི“ཡུལ་སྐོར་བའི་པར་རྒྱག་སྒོ་ར་ཆེན་པོའི”ནང་བོད་ཆས་གྱོན་ནས་པར་རྒྱག་མཁན་ཚོང་ཁང་100ལྷག་ཙམ་ཡུག་གཅིག་ཏུ་གནས་པ་དང་། དེ་དག་དགུན་དུས་ལྷ་སའི་ཡུལ་སྐོར་བྱ་ཡུལ་གཙོ་བོར་གྱུར་ཡོད།

    “ད་ཆ་ཡུལ་སྐོར་བ་ཚོས་དེ་གར་ཐེངས་གཅིག་ཡུལ་སྐོར་བྱས་ནས་དྲན་རྟེན་པར་བརྒྱབ་པ་ཙམ་མིན་པར། ཁོང་ཚོས་པར་གྱི་ཚོན་མདོག་དང་རྒྱབ་ལྗོངས་དང་དེ་བཞིན་རྒྱན་གོས་ནང་འདུས་པའི་རིག་གནས་ཀྱི་ནང་དོན་དེ་བས་ཤེས་འདོད་བྱེད་ཀྱི་ཡོད” ཐན་ཅུན་ཀང་གིས་ལྷ་ས་ནི་ཡུལ་སྐོར་མི་འབོར་མང་བའི་གྲོང་ཁྱེར་ཞིག་རེད། “དགུན་དུས་བོད་ལ་ཡུལ་སྐོར་བྱེད་པའི”སྲིད་ཇུས་ལས་དགུན་ཁར་ཡང་ལྷ་སར་ཡུལ་སྐོར་བ་མང་པོ་ཡོང་གི་ཡོད་ཅེས་བཤད།

    2023ལོའི་ཟླ་བ་བདུན་པར། བར་སྐོར་ཁྲོམ་གཞུང་གི་ཡུལ་སྐོར་བའི་པར་རྒྱག་ལས་རིགས་མཐུན་ཚོགས་བཙུགས་པ་ནས་བཟུང་། ཚད་ལྡན་གྱི་གཉེར་སྐྱོང་ཁོར་ཡུག་ལས་ཐན་ཅུན་ཀང་ལ་ཞབས་ཞུའི་སྤུས་ཀ་སྔར་བས་ལེགས་སུ་གཏོང་རྒྱུར་ཡིད་ཆེས་ཀྱིས་ཁེངས་ཡོད། ཚང་མས་གོང་ཁེ་པོར་བརྟེན་ནས་ཡུལ་སྐོར་བའི་ཡིད་དབང་འགུག་ཐབས་མི་བྱེད་པར་མཛེས་བཟོ་དང་། ཞབས་ཞུ། རིག་གནས་བཅས་ལ་བརྟེན་ནས་ཡུལ་སྐོར་བའི་ཉམས་ལེན་སྔར་བས་ལེགས་སུ་གཏོང་བཞིན་ཡོད་པ་རེད།

    ཐོན་ལས་རང་འགུལ་ཕྱོགས་སྒྱུར་ལས་ཡུལ་སྐོར་ཉམས་ལེན་དེ“མིག་གི་ལྟད་མོ”ནས“དབྱིངས་ཞུགས་ཉམས་ལེན”བར་བསྒྱུར་རྒྱུར་སྐུལ་འདེད་གཏོང་བཞིན་མཆིས།

    འོད་ཟེར་སྒམ་ཆུང་ཇ་ཁང་ནང་ཡུལ་སྐོར་བ་ཚོས་ས་གནས་དེ་གའི་མི་དང་མཉམ་དུ་ཇ་མངར་མོ་དང་བོད་ཐུག་བཏུངས་ནས་དྲོ་སྐྱིད་ལྡན་པའི་རྣམ་པ་ཞིག་ངང་གིས་འཕྱུར་འོང་།

    ཕྱོགས་སྒྱུར་དེ་རིག་གནས་ཡུལ་སྐོར་གྱི་རྨང་གཞི་གྲལ་བཤེར་མཐར་ཕྱིན་བྱས་པ་ལས་བྱུང་བ་ཞིག་རེད།

    2023ལོའི་ཟླ་བ་བརྒྱད་པ་ནས་བཟུང་། རང་ལྗོངས་ཀྱིས་ཡུལ་སྐོར་ཐོན་ཁུངས་ཀྱི་ཡོངས་བཤེར་ལས་དོན་སྤེལ་ནས། ཡུལ་སྐོར་ཐོན་ཁུངས་ཁྲི་5.8ལྷག་ཙམ་རྩད་ཆོད་པ་དང་གནད་དོན་ཁྲི་3.1ལྷག་ཙམ་གསར་དུ་ཤེས་རྟོགས་བྱུང་བ་རེད། རང་སྐྱོང་ལྗོངས་རིམ་པའི་ཡུལ་སྐོར་སྤྲོ་གསེང་ཁུལ་དང་རྒྱལ་ཁབ་ཀྱི་A4རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་ཁག་གཅིག་སྒོ་བྱང་བཀལ་ནས“བོད་ལྗོངས་རྣམ་པ་མཛེས། ཞིབ་སྦྱོང་ཡུལ་སྐོར་བྱེད”ཅེས་པ་རྒྱལ་ཡོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་ཁྱད་ལྡན་ཡུལ་སྐོར་ལམ་ཐིག་ལ་བདམས་ནས་རིག་གནས་ཡུལ་སྐོར་མཉམ་འདྲེས་བྱ་རྒྱུར་ཐོན་ཁུངས་ཀྱི་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།

    གྲོང་ཁྱེར་ནས་གྲོང་གསེབ་བར་ས་མཐོའི་དགུན་དུས་ཀྱི་ལས་རྣམ་གསར་པར་སྐྱེ་སྟོབས་ཀྱི་དཔའ་འབར་ཡོད།

    རིག་གནས་ཡུལ་སྐོར་བྱེད་མང་དུ་སོང་ནས་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་ཕྱིན་པ།

    “དགུན་དུས་བོད་ལ་ཡུལ་སྐོར་བྱེད་པའི”བྱེད་སྒོ་རྒྱུན་མཐུད་ངང་སྤེལ་བས་ཞིང་འབྲོག་པ་སྔར་བས་མང་བར་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་ཕན་པ་ཐོབ་ཡོད།

    “དེ་སྔ་ང་ཚོའི་ཁྱིམ་གྱིས་གཙོ་བོ་སྐྱེལ་འདྲེན་གྱི་ལས་ཀ་བྱེད་ཀྱི་ཡོད། ད་ཆ་ཡུལ་སྐོར་བ་མང་དུ་ཕྱིན་པས་ན་ནིང་གི་ཟླ་བ་བཅུ་གཉིས་པར་ངེད་ཁྱིམ་གྱི་བོད་བཟོའི་དམངས་སྲོལ་གནས་ཚང་བསྐྱར་སྐྲུན་བྱ་རྒྱུའི་སེམས་ཐག་བཅད་ནས་ཡུལ་སྐོར་ལས་ལ་ཞུགས་པས་ད་ཆ་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་30ཙམ་ཟིན་གྱི་འདུག”ཅེས་ལྷོ་ཁ་གྲོང་ཁྱེར་ལྷོ་བྲག་རྫོང་མཁར་ཆུའི་མཛེས་ལྗོངས་ཁུལ་གྱི་གྲོང་མི་མཚོ་མོས་བཤད།

    རེས་སྐོར་བདུན་པའི“དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི”ཁྲོམ་རའི་སྐུལ་སྤེལ་བྱེད་སྒོར་ཆ་མཚོན་ན། རང་ལྗོངས་ཀྱི་གྲོང་གསེབ་ཡུལ་སྐོར་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་265.62ལྷག་ཙམ་ལ་སྣེ་ལེན་ཞུས་ནས་ཡོང་འབབ་སྒོར་དུང་ཕྱུར་4.22བྱུང་བ་དང་། ཞིང་འབྲོག་མང་ཚོགས་མི་ཐེངས་ཁྲི་11.81ལས་ཞུགས་བྱ་རྒྱུར་སྐུལ་ཁྲིད་བྱས་པ། མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་0.43ཟིན་ནས་མང་ཚོགས་ཚོར་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་ཕན་པ་དངོས་ཐོབ་ཡོད།

    ཐོན་ལས་གསར་གཏོད་བྱ་རྒྱུ་དེ་ཡུལ་དེའི་ཁྱད་ཆོས་སྔོག་འདོན་བྱ་རྒྱུར་དམིགས་ཡོད།

    བོད་ཀྱི་ཐུན་མོང་མ་ཡིན་པའི་གངས་འཁྱགས་དང་། ཉི་འོད། ཆུ་ཚན་སོགས་ཐོན་ཁུངས་ལ་བརྟེན་ནས་རང་ལྗོངས་ཀྱིས་ཁྱད་ལྡན་མཛེས་ལྗོངས་ཁུལ་དང་བརྗོད་དོན་གཙོ་བོའི་ཡུལ་སྐོར་ལམ་ཐིག་སྔར་བས་མང་བ་བཏོད་པ་དང་ཆབས་ཅིག བོད་ཀྱི་ལོ་གསར་སོགས་ཁྱད་ལྡན་དམངས་སྲོལ་དེ་ཡུལ་སྐོར་བ་ཚོས་ཞུགས་པ་དང་ཉམས་ལེན་བྱེད་ཆོག་པའི་རིག་གནས་བསམ་བཀོད་ཐོན་རྫས་དང་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་བྱེད་སྒོར་བསྒྱུར་བ། “རིག་གནས་ཡུལ་སྐོར+”ཀྱི་མཉམ་འདྲེས་བྱེད་སྟངས་བརྒྱུད་ལས་རྣམ་གསར་པ་ཐོན་ནས་བོད་ཀྱི་ཡུལ་སྐོར་བྱེད་ཉུང་བའི་དུས་ཚིགས་ལ་གསོན་ཤུགས་གསར་པ་རྒྱས་པར་བྱས་ཡོད།

    དེ་བས་རེ་སྒུག་བྱེད་འོས་པ་ཞིག་ནི་ཡུལ་སྐོར་ཞབས་ཞུའི་ཉམས་ལེན་ཕྱོགས་ཡོངས་རིམ་སྤོར་བྱས་པ་དེ་ཡིན།

    “སླད་ཕྱིན་ང་ཚོས་མཛེས་ལྗོངས་ཁུལ་དུ་གསོ་རླུང་ས་ཚིགས་དང་གྲང་ཡོལ་ས་ཚིགས་ཀྱི་སྒྲིག་ཆས་མང་དུ་བཏང་ནས་ཡུལ་སྐོར་བར་ས་མཐོར་ཡུལ་སྐོར་བྱེད་པའི་ཐད་ཀྱི་སེམས་ཁྲལ་སེལ་རོགས་བྱ་རྒྱུ་ཡིན”རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་དང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་གི་ཏང་ཙུའི་ཧྲུའུ་ཅི་ཤའོ་ཁྲོན་ཅང་གིས་རིག་གནས་ཡུལ་སྐོར་སྡེ་ཚན་གྱིས་མ་ལག་ཅན་གྱི་གསོ་སྦྱོང་སྒྲིག་འཛུགས་བྱས་ནས་ལས་ཞུགས་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་དང་། ཕུགས་ཕུན་གྱི“ཡུལ་སྐོར་བ་སྲུང་སྐྱོང་བྱ་སྤྱོད”སྤེལ་བ། ཁྲོམ་རའི་སྒྲིག་ལམ་སྲུང་སྐྱོང་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་བརྒྱུད་རིམ་ཧྲིལ་པོར་གཡས་གཞོགས་གཡོན་འདེགས་བྱེད་པ་བཅས་བྱས་ནས་ཡུལ་སྐོར་བ་ཚང་མ་དེ་གར་བློ་བདེའི་ངང་ཡུལ་སྐོར་དང་ཡིད་ཚིམ་ངང་ཕྱིར་ལོག་ཐུབ་པ་བྱ་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།