བྱང་ཐང་ས་མཐོའི“མི་རབས་གསར་པའི”ལྟ་སྲུང་བས།
རི་སྐྱེས་སྲོག་ཆགས་བརྙན་ལམ་ནང་དུ་དྲངས། སྲུང་སྐྱོང་གཏམ་རྒྱུད་ས་ཕྱོགས་གང་སར་གླེང་།

འདི་ནི་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནང་ཅི་དགར་རྒྱུག་བཞིན་པའི་རྐྱང་ཡིན་པ།

འདི་ནི་ཉི་མ་རྫོང་ནོར་བུ་གཡུ་རྒྱལ་དོ་དམ་སྲུང་སྐྱོང་ས་ཚིགས་ཀྱི་འགན་འཁུར་བ་སྐལ་བཟང་ལྷུན་གྲུབ་ཀྱིས་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་ལས་དོན་སྤེལ་ཚུལ་ངོ་སྤྲོད་བྱེད་བཞིན་པ།

འདི་ནི་ཨ་མདོ་རྫོང་རྩ་རིང་གྲོང་རྡལ་ཉི་བ་ལུང་གྲོང་ཚོའི་རི་སྐྱེས་སྲོག་ཆཌ་སྲུང་སྐྱོང་བ་པད་མ་ཚེ་རིང་གིས་ལས་དོན་སྤེལ་སྐབས་ལམ་རྒྱུད་ཀྱི་གད་སྙིགས་སྒྲུག་བཞིན་པ།

འདི་ནི་སེར་གླིང་མཚོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བ་དང་ཤན་རྩ་རྫོང“གངས་ཁྲོད་གཟུགས་བརྙན”ཚོགས་པའི་རུ་དཔོན་ཚུལ་ཁྲིམས་མཐར་ཕྱིན་གྱིས་རི་སྐྱེས་སྲོག་ཆགས་ལ་པར་རྒྱག་བཞིན་པ།
ཡངས་ཤིང་རྒྱ་ཆེ་བའི་བོད་བྱང་ཐང་དུ་གཞོན་ནུ་མང་པོ་ཞིག་གིས་ལས་རྣམ་གསར་རྐྱང་ཐོག་ནས་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བྱེད་བཞིན་ཡོད། ཁོང་ཚོས་རྒྱང་ཤེལ་དང་སྐོར་སྲུང་ཟིན་དེབ་བཟུང་ནས་མི་མེད་གནམ་གྲུ་དང་། བླངས་བརྙན་རིང་པོ། དྲས་སྒྲིག་མཉེན་ཆས་བཅས་བྱང་ཆུབ་པོས་བཀོལ་སྤྱོད་བྱས་ཏེ། ས་མཐོའི་དབུས་རྒྱུད་ཀྱི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་དང་ཚེ་སྲོག་གི་ལོ་རྒྱུས་སྙན་ངག་དག་དོན་ཟབ་ལ་ལྟ་འདོད་པའི་བརྙན་ཐུང་དང་། དངོས་མཚོན་པར་གཞི། མུ་འབྲེལ་འཁྲབ་ཚན་བཅས་ལ་བསྒྱུར་ཡོད། ཁོང་ཚོ་ནི་སྐོར་སྲུང་པ་ཡིན་པ་མ་ཟད། རང་བྱུང་ཁམས་ཀྱི“ལོ་ཙཱ་བ”དང“མགྲིན་ཚབ་པ”དེ་བས་རེད། དུས་རབས་འདིར་དར་ཁྱབ་ཆེ་བའི་བརྙན་ཤེལ་གྱི་སྐད་ཆ་སྤྱད་དེ་སྐྱེ་ཁམས་ཤེས་དཔལ་གྱི་དུས་རབས་ཀྱི་གནས་ཚུལ་གསོན་ཉམས་དོད་པོས་མཚོན་པར་བྱས་ཡོད།
“གངས་ཁྲོད་གཟུགས་བརྙན”ལས་སྐད་ཅིག་གི་ངོ་མཚར་རྣམ་པ་མངོན།
ཚུལ་ཁྲིམས་མཐར་ཕྱིན་ནི་1988ལོར་སྐྱེས་པ་དང་། 2005ལོར་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་དཔུང་ཁག་ནང་ཞུགས་ཤིང་། ཁོང་གིས་སྐོར་སྲུང་བྱེད་པའི་ལས་དོན་ཁྲོད་རྩྭ་ཐང་སྟེང་གཙོད་ཁྱུ་ཚོགས་ཕར་རྒྱུག་ཚུར་རྒྱུག་བྱེད་པ་དང་། འདམ་རའི་ནང་ཁྲུང་ཁྲུང་སྐེ་ནག་ཤོག་ཟུང་ལྡེམ་ལྡེམ་བྱེད་པ། གཡང་གཟར་གྱི་རི་ཁྲོད་དུ་གསའ་བདེ་ཅག་འཁྱུག་པོས་རྒྱུག་པ་སོགས་གསོན་ཉམས་དོད་པའི་རྣམ་པ་དེ་དག་ཁོང་གི་པར་ལེན་གྱི་ནང་དོན་ལ་གྱུར་ཡོད། ཁོང་ལ་བྱ་དགའ་ཐོབ་པའི་བརྙན་ལམ་དེའི་ནང་བརྙན་ཤེལ་ནས་ཁྲུང་ཁྲུང་སྐེ་ནག་གཉིས་ཐུག་པ་དང་ཟླ་བོར་འགྱུར་པ། སྒོ་ང་གཏོང་བ་དང་བྱ་ཕྲུག་གསོས་པའི་བར་གྱི་མི་སེམས་འགུལ་བའི་གཏམ་རྒྱུད་དང་དྲོ་སྐྱིད་ལྡན་པའི་དུས་ཚོད་ཟིན་ཐོར་བཀོད་ཡོད།
2024ལོའི་ཟླ་9པར། ཤན་རྩ་རྫོང་གིས་ས་གནས་དེ་གའི་འབྲོག་པའི་ཁྲོད་ནས་གདམ་གསེས་ནན་པོ་བྱས་ཏེ་མི་7ལས་གྲུབ་པའི“གངས་ཁྲོད་གཟུགས་བརྙན”ཞེས་པའི་ཚོགས་པ་ཞིག་བཙུགས་ནས་གསའ་སོགས་རི་སྐྱེད་སྲོག་ཆགས་འཚོ་གནས་དང་སྐྱེ་འཕེལ་ལ་སྲུང་སྐྱོང་བྱས་པ་རེད། དཔུང་ཁག་གི་ལས་སྒྲུབ་ནུས་པ་ཆེ་རུ་གཏོང་ཆེད། ཤན་རྩ་རྫོང་གིས་ཚོགས་པ་དེར་ཚ་གྲུབ་ཡོ་བྱད་དང་བྱང་སྐར་ངེས་གནས་མ་ལག་སོགས་སྔོན་ཐོན་སྒྲིག་ཆས་མཐུན་རྐྱེན་སྦྱར་ཏེ“མཁའ་ཐོག་ཏུ་མི་མེད་གནམ་གྲུའི་སྐོར་ཞིབ་བྱེད་པ་དང་། ས་ངོས་སུ་རིག་ནུས་ལྟ་ཞིབ་ཚད་ལེན་བྱེད་པ། རུ་མིས་རྐང་ཐང་མར་སྐོར་ཞིབ་བྱེད་པ་བཅས་ཟུང་དུ་འབྲེལ་བའི”ཕྱོགས་ཡོངས་ཀྱི་འགོག་སྲུང་དྲ་རྒྱ་བཙུགས་པ་རེད།
“ནོར་བུ་གཡུ་རྒྱལ”གྱི་བསམ་པའི་སྟོབས་ཤུགས་རབ་ཏུ་འཕེལ།
བྱང་ཐང་རྩྭ་ཐང་གི་དབུས་སུ་གནས་པའི་ཉི་མ་རྫོང་དུ་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་ལས་དོན་ལ་དྲ་ཐོག་ཏུ་དོ་ཁུར་ཆེན་པོ་ཐོབ་ཡོད།
“ཨང་ཐོ་འདིའི་ཐོག་བརྙན་གཏོང་བྱེད་ཚད་མང་ཤོས་ལ་ཁྲི་157ཟིན་ཡོད” ཉི་མ་རྫོང་ནོར་བུ་གཡུ་རྒྱལ་དོ་དམ་སྲུང་སྐྱོང་ས་ཚིགས་ཀྱི་འགན་འཁུར་བ་ཀུན་བཟང་ལྷུན་གྲུབ་ཀྱིས་གསར་འགོད་པར་2020ལོར་ང་ཚོས“ནོར་བུ་གཡུ་རྒྱལ་དོ་དམ་སྲུང་སྐྱོང་ས་ཚིགས”ཀྱི་ཁྱུག་དབྱིངས་ཨང་ཐོ་དངོས་སུ་སྤྱོད་འགོ་ཚུགས་ཡོད”ཅེས་བརྗོད།
ས་ཚིགས་འདིའི་མིང་ནི་དེ་སྔའི་ཉི་མ་རྫོང་ནགས་ཚལ་སྤྱི་བདེ་མངགས་གཏོང་ཁང་གི་རིམ་པ་དང་པོའི་ཉེན་རྟོག་སིའི་ནོར་བུ་གཡུ་རྒྱལ་ལས་བྱུང་། 2002ལོའི་ཟླ་6ཚེས་1ཉིན། ལྐོག་རྔོན་པ་འཛིན་བཟུང་བྱེད་སྐབས་དཔའ་ངར་ཆེན་པོས་རང་སྲོག་བློས་གཏོང་བྱས་པ་དང་སྐབས་དེ་དུས་ཁོང་ལོ་40ཡིན་པ་རེད། 2016ལོར་བཙུགས་པའི་ནོར་བུ་གཡུ་རྒྱལ་དོ་དམ་སྲུང་སྐྱོང་ས་ཚིགས་ནི་ནོར་བུ་གཡུ་རྒྱལ་གྱི་མིང་ལས་བཏགས་པ་ཞིག་རེད།
“ནོར་བུ་གཡོ་རྒྱལ་དོ་དམ་སྲུང་སྐྱོང་ས་ཚིགས”ཀྱི་ཨང་ཐོའི་ནང་དོན་གསར་བརྗེས་བྱེད་ཚད་དེ་ཙམ་མཐོ་པོ་མེད། དོ་དམ་སྲུང་སྐྱོང་ས་ཚིགས་ཀྱི་ལས་དོན་མི་སྣའི་སེམས་ཤུགས་དེ་བས་མང་བ་སྐོར་སྲུང་ལས་དོན་ཁྲོད་བཞག་པ་སྟེ། ཁོང་ཚོས་དཔའ་བོའི་རྐང་རྗེས་དང་བསྟུན་ནས་བྱང་ཐང་གི་རྩྭ་རྩི་ཤིང་དང་སྲོག་ཆགས་སྲུང་སྐྱོང་བྱེད་ཀྱི་ཡོད།
“ཕ་བུ་རྒྱུན་མཐུད”ཀྱིས་ཐུན་མོང་སྲུང་སྐྱོང་གི་ལེའུ་གསར་པ་བརྩམས།
ཨ་ཕའི་ཤུགས་རྐྱེན་འོག་2017ལོར་བསམ་ཚེའི་བུ་པད་མ་ཚེ་རིང་གིས་བློ་བརྟན་འགྱུར་མེད་ངང་རི་སྲུང་དཔུང་སྡེའི་ནང་ཞུགས། པད་མ་ཚེ་རིང་གི་ངོས་ནས་བརྗོད་ན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པ་ནི་ཨ་ཕའི་བསླབ་བྱ་དང་། སྐྱེ་ཁམས་རིག་གནས་ཀྱི་མིག་འདྲིས་རྣར་འཇགས་ཤིག་རེད་ལ། རང་ཉིད་ཀྱི་ཚེ་སྲོག་ཁྲོད་མེད་དུ་མི་རུང་བའི་ཆ་ཤས་ཤིག་དེ་བས་ཀྱང་རེད།
ངའི་བསམ་པར་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བྱེད་པ་ནི་ངའི་མི་ཚེའི་དོན་སྙིང་ཆེ་ཤོས་ཡིན་ཞེས་པད་མ་ཚེ་རིང་གིས་བློ་རྩ་བརྟན་པོས་བརྗོད།
ད་ཆ་པད་མ་ཚེ་རིང་གི་སྐོར་སྲུང་ལག་སྒམ་ནང་ལག་ཐོགས་ཁ་པར་དང་མི་མེད་གནམ་གྲུ་མང་དུ་ཕྱིན་ཡོད། ལས་ཀའི་ཁྲོད་སྐྱེ་ཁམས་མཛེས་ལྗོངས་དེ་བརྙན་ལམ་བརྩམས་ཆོས་སུ་འགྱུར་བ་དང་། རི་སྐྱེས་སྲོག་ཆགས་སྲུང་སྐྱོང་སྐོར་གྱི་ཨ་ཕའི“བསླབ་བྱ”དག་དྲ་སྦྲེལ་ལས་སྟེགས་སུ་ཁྱབ་སྤེལ་བྱས་ཏེ། ཁོར་ཡུག་སྲུང་སྐྱོང་གི་དྲང་ནུས་ཆེན་པོ་བརྒྱུད་སྤེལ་བྱས་དང་བྱེད་མུས་རེད།
ན་གཞོན་རི་སྐྱེས་སྲུང་སྐྱོང་པ་དེ་དག་གིས་པར་ལེན་བྱས་པ་ནི་རི་སྐྱེས་སྲོག་ཆགས་ཀྱི་གཟུགས་བརྙན་རེད་ལ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་བློ་གྲོས་དེ་བས་ཀྱང་རེད། སྲུང་སྐྱོང་བྱེད་མཁན་གྱི་གཟུགས་བརྙན་མཐོང་བ་དང་སྲུང་སྐྱོང་བྱེད་མཁན་གྱི་གཏམ་རྒྱུད་བརྒྱུད་སྤྲོད་བྱེད་སྐབས། སེམས་འགུལ་ཐེབས་པའི་སེམས་ཁམས་སུ་སྐྱེ་ཁམས་སྲུང་སྐྱོང་གི་ས་བོན་ཞིག་བཏབ་ཡོད།
འབྲེལ་ཡོད་གསར་འགྱུར།