དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • “ལོ་ལྔ་ཚན་བཅུ་བཞི་པའི”རིང་རང་ལྗོངས་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གིས་བཀྲག་མདངས་འཚེར་བའི་རྒྱུགས་ལན་ཕུལ་བ།

    ནགས་ཚལ་ཁྱབ་ཚད་12.54%བར་མཐོ་རུ་སོང་བ་དང་རྩྭ་ཐང་ལ་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད་48.07%ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-02-27

    ཉེ་ཆར། གསར་འགོད་པས་2026ལོའི་ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ཚོགས་འདུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། རང་ལྗོངས་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་གལ་ཆེན་བརྟན་དུ་བཏང་བ་དང་། སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་སྤྱི་ལེ་ངོས་གྲུ་ཁྲི་60.7དབྱེ་འབྱེད་གཏན་འཁེལ་བྱས་པ་དེས་ལྗོངས་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་50%ཡན་བཟུང་ཞིང་། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང(གདང་ལ་བྱང་རྒྱུད་ས་ཁོངས)ལ་ཆོག་མཆན་ཐོབ་ནས་བཙུགས་ཏེ་སྐྱེ་ཁམས་བདེ་འཇགས་ཀྱི་མཐའ་ཚད་རྒྱུན་མཐུད་བརྟན་དུ་བཏང་བརེད།

    ངོ་སྤྲོད་བྱས་པར་གཞིགས་ན། ལོ་ལྔའི་རིང་རང་ལྗོངས་ཀྱིས་རི་ཆུ་ནགས་ཞིང་མཚོ་རྩྭ་བྱེ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་ལ་སྤྱི་འདོམས་ཀྱིས་རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་བྱ་སྤྱོད་ལག་བསྟར་ཤུགས་ཆེན་བྱས་པས། ནགས་ཚལ་ཁྱབ་ཚད་12.54%བར་མཐོ་རུ་སོང་བ་དང་རྩྭ་ཐང་ལ་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད་48.07%ཟིན་ཡོད།

    སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བཏོད་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཞིང་། “མཚོ་བོད་ས་མཐོ་འདི་ཉིད་རྒྱལ་ཡོངས་མ་མ་ཟད་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་པའི”དམིགས་ཚད་ལ་གཞིགས་ཏེ། རང་ལྗོངས་ཀྱིས《རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་པའི་སྲོལ་ཡིག》བཏོན་པ་དང《སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་པའི་འཆར་གཞི》ལག་བསྟར་བྱས་ནས་སྐྱེ་ཁམས་སྲུང་སྐྱོང་སླར་གསོ་དང་། གད་སྙིགས་དང་བཙོག་ཆུ་གཙང་སེལ། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་སོགས་གཙོ་གནད་རྣམ་གྲངས་ཁག་53དང་མཚོན་རྟགས་རང་བཞིན་གྱི་ལས་གྲྭ་ཁག་13ལ་སྤྱི་འདོམས་ངང་ལག་བསྟར་བྱས་པ་རེད།

     སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་པའི་དམིགས་ཚད་མ་ལག་རིགས་ཆེན་པོ་6གི་ནང་དོན་33བཟོས་པའི་ནང་དམིགས་ཚད་ཁག་21རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཤིང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་ཁུལ་དང“རི་གཉིས”ལག་ལེན་གསར་གཏོད་རྟེན་གཞིའི་གྲངས་འབོར་དང་གཞི་ཁྱོན་བསྡོམས་འབོར་29ལས་བརྒལ་ཡོད་པ་རེད།

    སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་མུ་མཐུད་མདུན་གྲལ་དུ་སླེབས་ཤིང་། ལོ་ལྔའི་རིང་། རང་ལྗོངས་ཀྱིས་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་ལ་གནད་སྨིན་ཇུས་བསྟར་ངང་སྐུལ་འདེད་བཏང་བ་དང་། ལམ་སྐྱོད་མིན་པའི་འཕྲུལ་འཁོར་འགྲོ་མི་ཆོག་པའི་ཁུལ་དབྱེ་འབྱེད་གཏན་འཁེལ་བྱས་པ་དང་། རིམ་རྩིས་བརྒྱབ་ན་རྒྱལ་ཁབ་ཀྱི་དུས་མཚམས་གསུམ་པའི་རླངས་འབུད་ཚད་གཞི་དང་དེའི་མན་གྱི་རླངས་འཁོར་རྙིང་པ་ཁྲི་24ལྷག་ཙམ་བེད་མེད་དུ་བཏང་བ་དང་། ནུས་རྒྱུ་གསར་པའི་རླངས་འཁོར་ཁྲི་2.5ལྷག་ཙམ་ཁྱབ་གདལ་བཏང་བའི་ཁར་རླངས་སྒྱུར་ཏུན་20མན་གྱི་རྡོ་སོལ་སྲེག་པའི་ཁྲོ་ཐབ་ཁྱོན་ཡོངས་ནས་སྤྱོད་མཚམས་འཇོག་ཏུ་བཅུག་པ་རེད། ཆུ་ལག་ཆེན་པོ8ཀྱི་ཆུ་བོ་དང་གཙང་པོ་33གྱི་ཆུ་འགོའི་ཁུལ་དབྱེ་འབྱེད་གཏན་འཁེལ་ལེགས་གྲུབ་བྱས་ཏེ། འཐུང་ཆུའི་ཆུ་འགོའི་ཆུ་སྤུས་ཡོངས་བཤེར་བྱས་པ་དང་། ས་རྒྱུ་གཙོ་གནད་ལྟ་འདོམས་ཚན་པའི་གྲལ་བཤེར་བཅོས་སྒྲིག་ལག་བསྟར་བྱས་པ་རེད། ལྗོངས་ཡོངས་ཀྱི་ཁོར་ཡུག་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་99%ཡན་རྒྱུན་འཁྱོངས་བྱས་པ་དང་། གཙང་པོ་དང་མཚེའུ་གཙོ་བོའི་ཆུ་སྤུས་ཚད་གཞི་རིགས་Ⅲལ་སླེབས་པའམ་ཡང་ན་དེ་ལས་བཟང་བའི་ཆུའི་བསྡུར་ཚད་100%ལ་སླེབས་པ། སྦགས་བཙོག་ཐེབས་པའི་རྨོ་ཞིང་བདེ་འཇགས་ངང་སྤྱོད་ཚད་96.8%ཟིན་པ། རང་བྱུང་སྐྱེ་ཁམས་ཀྱི་གནས་སྟངས་སྤྱིའི་ཆ་ནས་བརྟན་པོ་བཅས་ཡིན་པས། བོད་ནི་སྔར་བཞིན་འཛམ་གླིང་དུ་ཁོར་ཡུག་སྤུས་ཚད་ལེགས་ཤོས་ཀྱི་ཡུལ་ལུང་གི་གྲས་ཡིན་པ་རེད།

    ལྗང་མདོག་འཕེལ་རྒྱས་ཀྱི་སྒུལ་ནུས་མུ་མཐུད་ཇེ་ཆེར་འགྲོ་བཞིན་ཡོད་ཅིང་། ལོ་ལྔའི་རིང་། རང་ལྗོངས་ཀྱིས་སྐྱེ་ཁམས་ཁོར་ཡུག་ཁུལ་དབྱེ་དོ་དམ་ཚོད་འཛིན་ལག་བསྟར་ནན་པོ་བྱས་ཏེ། ཁྲོན་བོད་ལྕགས་ལམ་དང་ཡར་ཀླུང་གཙང་པོའི་སྨད་རྒྱུད་ཀྱི་ཆུ་གློག་གསར་སྤེལ་སོགས་གཙོ་གནད་ལས་གྲྭ་དོན་འཁྱོལ་ལ་འགན་ལེན་ནུས་ལྡན་བྱས་ཡོད། ལྗོངས་ཡོངས་ཀྱི་ཐཱན་རྩེར་སོན་དང་ཐཱན་སྙོམ་སྦྱོར“1+N”སྲིད་ཇུས་མ་ལག་བཙུགས་ཏེ་ནུས་རྒྱུ་དང་། བཟོ་ལས། འགྲིམ་འགྲུལ། འཛུགས་སྐྲུན་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་ཐཱན་ཉུང་གཏོང་དང་སྦགས་བཙོག་ཉུང་འཕྲི་མཉམ་དུ་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་བཏང་ཡོད། ལྗོངས་ཡོངས་སུ་བསྐྲུན་ཟིན་པ་དང་སྐྲུན་བཞིན་པའི་གློག་ཤུགས་སྒྲིག་སྦྱོར་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་ཁྲི་3307དང་དེ་བཞིན་རྫས་འགྱུར་དང་རྡོ་སོལ་མིན་པའི་ནུས་རྒྱུ་འཛད་སྤྱོད་བསྡུར་ཚད་51.9%ཟིན་ཡོད། ལོ་ལྔའི་རིང་རྩྭ་སའི་ཁ་གསབ་དང་ནགས་ཚལ་ཁ་གསབ་ཀྱི་མ་དངུལ་སྒོར་དུང་ཕྱུར་136.8དང་སྒོར་དུང་ཕྱུར་51.47སོ་སོར་བཏང་སྟེ། ལོ་རེར་ཆ་སྙོམས་ཞིང་འབྲོག་པར་སྐྱེ་ཁམས་ཀྱི་ལས་གནས་ཁྲི་44ལྷག་ཙམ་མཁོ་འདོན་བྱས་པ་དང་། ས་མཐོའི་མཛེས་མཐུན་གྲོང་གསེབ་1000བསྐྲུན་ནས་སྐྱེ་ཁམས་སྲུང་སྐྱོང་དང་དམངས་འཚོ་ལེགས་གཏོང་གཉིས་ཀ་དགེ་མཚན་ལྡན་པའི་མཉམ་འགུལ་ཐུབ་ཡོད།

    ཁོར་ཡུག་བཅོས་སྐྱོང་གི་ནུས་ཕྱོད་ཕྱོགས་ཡོངས་ནས་ཆེ་རུ་སོང་ཞིང་། ལོ་5ཡི་རིང་། རང་ལྗོངས་ཀྱིས་སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་སྐྱོང་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་སྟེ། 《བོད་རང་སྐྱོང་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོང་སྲོལ་ཡིག》ལ་བཟོ་བཅོས་བརྒྱབ་པ་དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས》ཀྱི་བྱ་ཐབས་དང་རླུང་ཁམས་ཆེ་མོའི་སྦགས་བཙོག་འགོག་བཅོས་དང་། ཆུའི་སྦགས་བཙོག་འགོག་བཅོས། འཁྱགས་རོམ་སྲུང་སྐྱོང་། འདམ་ར་སྲུང་སྐྱོང་སོགས་ས་གནས་ཀྱི་ཁྲིམས་འཛུགས་བཏོན་ནས་ལག་ལེན་བསྟར་ཡོད། གཞིས་རྩེ་དང་། ལྷ་ས། ལྷོ་ཁ། ཉིང་ཁྲི་བཅས་གྲོང་ཁྱེར་བཞིས་དུས་གཅིག་ཏུ་ཡར་ཀླུང་གཙང་པོ་རྒྱུག་ཁུལ་གྱི་ཁྲིམས་འཛུགས་ཐེངས་དང་པོ་བྱས་ཡོད། སྐྱེ་ཁམས་ཁོར་ཡུག་དང་། ཁྲིམས་ཁང་། ཞིབ་དཔྱོད་ཁང་། སྤྱི་བདེ་བཅས་སྡེ་ཚན་4ཡི་ཉེས་ཆད་ལག་བསྟར་ཁྲིམས་འཛིན་སྦྲེལ་མཐུད་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། ཞིང་ཆེན་མན་གྱི“ལྟ་སྐུལ་གཉིས”ཀྱི་ཐད་འདོམས་ལམ་ལུགས་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་བཏང་བ་དང་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཚན་ཞིབ་ཁང་བཙུགས་པས་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་གི་ནུས་ཕྱོད་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།