སྐྱེ་ཁམས་རྨང་གཞི་བརྟན། འཕེལ་རྒྱས་རྣམ་པ་བཟང་།
རང་ལྗོངས་ཀྱིས་ནགས་ལས་ཐོན་ཁུངས་སྲུང་སྐྱོང་དང་ བེད་སྤྱོད་བྱེད་པར་མུ་མཐུད་ཤུགས་སྣོན་བརྒྱབ་པ།
ཉེ་བའི་ལོ་ཤས་རིང་། ལྗོངས་ཡོངས་ཀྱི་ནགས་ལས་དང་རྩྭ་ཐང་ཁོངས་གཏོགས་ཀྱིས་ནགས་ལས་ཐོན་ཁུངས་སྲུང་སྐྱོང་དང་དོ་དམ་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་དང་། ནགས་ལས་ཀྱི་སྐྱེ་ཁམས་སླར་གསོ་དང་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་གཙོ་གནད་དུ་བྱས་པའི་རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་བྱ་སྤྱོད་ཚན་རིག་དང་མཐུན་པའི་སྒོ་ནས་སྤེལ་བ། ཡར་ཀླུང་གཙང་པོའི་རོང་ཆེན་གྱི་རྒྱལ་ཁབ་སྤྱི་གླིང་སོགས་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་ཧུར་ཐག་གཏོང་བ། ཐུན་མོང་ནགས་ཚལ་བདག་དབང་ལམ་ལུགས་གཙོ་གནད་དུ་བྱས་པའི་ནགས་ལས་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་གཏོང་བ། ནགས་ལས་སྐྱེ་ཁམས་ཀྱི་རིན་ཐང་ལེགས་སྒྱུར་ལམ་སྲོལ་འཚོལ་ཞིབ་ཧུར་ཐག་བཅས་བྱས་ཏེ། ལྗོངས་ཡོངས་ཀྱི་ནགས་ལས་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད་ཡོད།
ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་གཙོ་གནད་དུ་བྱས་པའི་རྒྱལ་ཁབ་ས་ཆ་སྔོ་འགྱུར་བྱ་སྤྱོད་ཚན་རིག་དང་མཐུན་པའི་སྒོ་ནས་སྤེལ་བ།
“ཉེ་བའི་ལོ་ཤས་རིང་། ལྷ་སའི་མཐའ་འཁོར་རི་བོའི་སྔོ་འགྱུར་ཚད་གཞི་མངོན་གསལ་དོད་པོས་མཐོ་རུ་སོང་བ་དང་རི་སྐྱེས་སྲོག་ཆགས་ཇེ་མང་དུ་སོང་ཡོད”ཅེས་ལྷ་ས་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཅུས་ཀྲང་སྐལ་བཟང་ནོར་བུས་ངོ་སྤྲོད་བྱས། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་དངོས་སུ་ལག་ལེན་བསྟར་ཚུན།
ནགས་གསོ་མུའུ་ཁྲི་110.87ལེགས་གྲུབ་བྱུང་བ་དང་སྡོང་ཕྲུག་རྐང་དུང་ཕྱུར་1.25ལྷག་ཙམ་བཏབ་པའི་ནང་སྤྱི་ཡོངས་ནས་གསོན་ཚད་85%ཡན་ཟིན་ཡོད། ལས་གྲྭའི་ཁུལ་དུ་ཤྭ་བ་སེར་ཆེན་དང་། གནའ་བ། ཝ་མོ། སྤྱང་ཀི སྤྲེའུ་སོགས་སྲོག་ཆགས་རྟག་ཏུ་མཐོང་རྒྱུ་ཡོད་པ་རེད།
ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་ནི་ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱི་རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་དཔེ་མཚོན་ཞིག་རེད། 2025ལོ་ནས་བཟུང་། རང་སྐྱོང་ལྗོངས་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་ལྗོངས་ཡོངས་ཀྱི་རྒྱལ་ཁབ་ས་ཆ་སྔོ་འགྱུར་ལས་དོན་ལ་གཅིག་འདོམས་སྐུལ་འདེད་བཏང་ཞིང་། ལྷོ་རི་བྱང་རིའི་སྔོ་འགྱུར་དང་། གཙོ་གནད་ས་ཁོངས་ཀྱི་ནགས་གསོ། “ཉིས་བརྩེགས”འཆར་འགོད་ཀྱི་ནགས་གསོ། རི་རྒྱ་ནགས་གསོ་སོགས་ཀྱི་ལས་གྲྭ་ལག་བསྟར་བྱས་པ་བརྒྱུད། ལྗོངས་ཡོངས་སུ་ཁྱོན་ནགས་གསོ་མུའུ་ཁྲི་148ཟིན་ཏེ། ས་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལེགས་སུ་ནུས་ལྡན་ཕྱིན་ཡོད། གཞུང་ཁོངས་ནགས་ཚལ་སྲུང་སྐྱོང་ཉམས་གསོའི་ཁ་གསབ་དང་གཞུང་ཁོངས་མིན་པའི་ནགས་ཚལ་གྱི་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་མ་དངུལ་དོན་འཁྱོལ་བྱས་ཏེ། གཞུང་ཁོངས་ནགས་ཚལ་མུའུ་ཁྲི་17759.96དང་གཞུང་ཁོངས་མིན་པའི་ནགས་ཚལ་མུའུ་ཁྲི་70.88དོ་དམ་སྲུང་སྐྱོང་ནུས་ལྡན་བྱས་པས། ནགས་ཚལ་ཐོན་ཁུངས་རྒྱུན་མཐུད་ངང་འཕར་ཡོད།
རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ།
“རྩི་ཤིང་ལན་ཁོའོ་ཐོན་ཁུངས་ལ་བརྟག་དཔྱད་བྱས་པ་བརྒྱུད། མེ་ཏོག་རྫོང་ཁོ་ནར་རི་སྐྱེས་རྩི་ཤིང་ལན་ཁོའོ་སྣ་ཁ་550ཟིན་ཐོར་བཀོད་པ་དེས་རྒྱལ་ཡོངས་ཀྱི་རྩི་ཤིང་ལན་ཁོའོ་བསྡོམས་འབོར་གྱི་གསུམ་ཆ་གཅིག་ཙམ་ཟིན་ཡོད། རྩི་ཤིང་ལན་ཁོའོ་ལ་སྲུང་སྐྱོང་བྱེད་པར་ཤུགས་སྣོན་རྒྱག་ཆེད། ང་ཚོས་གནས་སྤོ་སྲུང་སྐྱོང་གི་བྱེད་ཐབས་སྤྱད་དེ་སྟོངས་ལ་ཉེ་བའི་རྩི་ཤིང་ལན་ཁོའི་སྲུང་སྐྱོང་གླིང་བཙུགས་ཤིང་། མིག་སྔར་རྩི་ཤིང་ལན་ཁོའོ་སྣ་ཁ་120ལྷག་ཙམ་ལ་སྲུང་སྐྱོང་ཐུབ་ཡོད” ཉིང་ཁྲི་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཏང་ཙུའུ་ཡི་ཁོངས་མི་དང་ཅུས་ཀྲང་གཞོན་པ་ལུང་ཀྲང་ཞུང་གིས། རང་བྱུང་སྐྱེ་ཁམས་ཀྱི་སྔར་ཡོད་རྣམ་པ་དང་ཆ་ཚང་རང་བཞིན། མཐའ་འཁོར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་བཅས་ལ་གཅིག་འདོམས་བསམ་གཞིག་བྱེད་པའི་རྩ་དོན་གཞིར་བཟུང་། མངའ་ཁོངས་ས་ཆ་ནས་བསམ་འཆར་དང་གྲོས་འགོ་བསྡུ་ལེན་གང་ལེགས་བྱས་པའི་རྨང་གཞིའི་ཐོག་ས་གནས་དེ་གར་ཡར་ཀླུང་གཙང་པོའི་རོང་ཆེན་གྱི་རྒྱལ་ཁབ་སྤྱི་གླིང་གི་ཁྱབ་ཁོངས་དབྱེ་འབྱེད་ཚན་རིག་དང་མཐུན་པར་བྱས་པས། སྲུང་སྐྱོང་ཁྲོད་འཕེལ་རྒྱས་དང་འཕེལ་རྒྱས་ཁྲོད་སྲུང་སྐྱོང་བྱེད་པའི་འཁོར་སྐྱོད་ཡག་པའི་འཕེལ་རྒྱས་གཏོང་སྟངས་ཤིག་མངོན་འགྱུར་བྱུང་ཡོད།
མིག་སྔར། རང་ལྗོངས་ཀྱིས《ཉིང་ཁྲི་རྒྱལ་ཁབ་རྩི་ཤིང་གླིང་གི་གནས་ཡུལ་འདེམས་པའི་རིགས་པས་ཁུངས་སྐྱེལ་དང་ཁྱབ་ཁོངས་དབྱེ་འབྱེད་སྙན་ཞུ》དང《ཉིང་ཁྲི་རྒྱལ་ཁབ་རྩི་ཤིང་གླིང་གསར་འཛུགས་ཇུས་གཞི》བཟོ་འགོད་དང་རིགས་གཅིག་མཁས་ཅན་གྱི་ཞིབ་དཔྱད་ལས་དོན་ལེགས་སྒྲུབ་བྱས་ཏེ་2025ལོའི་ཟླ་5ཚེས་1ཉིན་ཉིང་ཁྲི་རྒྱལ་ཁབ་རྩི་ཤིང་གླིང་གསར་འཛུགས་མཐུན་སྦྱོར་ལམ་སྲོལ་བཙུགས་པ་དང་། ཀྲུང་དབྱང་ནོར་སྲིད་ཀྱི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་2.03ལྷག་ཙམ་དོན་འཁྱོལ་བྱས་ནས་2025ལོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཁ་གསབ་མ་དངུལ་རྣམ་གྲངས་གྲབས་གསོག་མཛོད་འཇུག་དང་མ་དངུལ་བགོ་བཤའ་རྒྱག་རྒྱུ་ལེགས་གྲུབ་བྱུང་བ་དང་། རྣམ་གྲངས་ལག་བསྟར་སྒྲིག་འཛུགས་གང་མགྱོགས་བྱས་ཏེ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་དོ་དམ་སྲུང་སྐྱོང་དང་། ཚན་རིག་ཞིབ་འཇུག དྲིལ་བསྒྲགས་སློབ་གསོ། ལྟ་ཞིབ་ཚད་ལེན་བཅས་ཀྱི་ཆུ་ཚད་མུ་མཐུད་མཐོ་རུ་བཏང་ཡོད།
ནགས་ལས་ཐོན་ལས་དམ་འཛིན་བྱ་གཞིར་བྱས་པའི་སྐྱེ་ཁམས་ཀྱི་རིན་ཐང་ལེགས་སྒྱུར་ལམ་སྲོལ་འཚོལ་ཞིབ་བྱས་པ།
ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་སྐྱེ་ཁམས་སྲུང་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་དབར་གྱི“དོ་མཉམ་རྐང་རྟེན”འཚོལ་ཞིབ་ཧུར་ཐག་བྱས་ཏེ། རི་ཁའི་ལྟོ་རྟེན་རི་དང་ནགས་ཁའི་ལྟོ་རྟེན་ནགས་ཡིན་པ་མཐའ་འཁྱོངས་ཀྱིས་ནགས་གསེབ་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་ཡོད། སྒྱུར་བཅོས་ལ་སྐུལ་འདེད་ཧུར་ཐག་བཏང་ནས་རྣམ་གྲངས་འཛུགས་སྐྲུན་ཐད་སྤྱོད་པའི་ནགས་ས་དང་རྩྭ་ཐང་། རང་སྐྱོང་ལྗོངས་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་བཅས་ཀྱི་འཛུགས་སྐྲུན་རྣམ་གྲངས་ལ་ཞིབ་བཤེར་ཆོག་མཆན་འགོད་པའི་དབང་ཚད་གཤམ་སྤྲོད་དོན་འཁྱོལ་ཡག་པོ་བྱས་ཏེ་ཞིབ་བཤེར་ཆོག་མཆན་འགོད་པའི་དུས་བཅད་དེ་ལས་སྒྲུབ་ཉི་མོ་20ནས་ལས་སྒྲུབ་ཉི་མོ་7བར་ཐུང་དུ་བཏང་བ་རེད།
རྒྱབ་ལྗོངས་དེའི་འོག མེ་ཏོག་རྫོང་གིས་པུ་ཤེལ་ཙེ་དང་འཁྲི་སྐྱེས་ཤ་མོ་སོགས་ནགས་གསེབ་ཀྱི་ཀྲུང་ལུགས་སྨན་རྫས་དེ་དག་གི་འདེབས་འཛུགས་བྱེད་སྟངས་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ཏེ། ཅིན་ཁྲེང་པུ་ཤེལ་ཙེ་མུའུ་ཆིག་སྟོང་ལྷག་ཙམ་འདེབས་འཛུགས་བྱས་པ་དང་། སྣེ་འདྲེན་ཁེ་ལས་ནང་འདྲེན་བྱས་པ་བརྒྱུད་པུ་ཤེལ་ཙེའི་མིད་པའི་གཉན་ཚད་འཇོམས་བྱེད་ཀྱི་སྨན་དང་ཤིང་ཏོག་བྱེ་རིལ་སོགས་ཁྱད་ལྡན་བདེ་སྲུང་བཟའ་བཅའ་ཞིབ་འཇུག་གསར་སྤེལ་བྱས་ཏེ། 2024ལོ་ནས་བཟུང་དཔལ་འབྱོར་གྱི་ཐོན་རྫས་རིན་ཐང་སྒོར་ཁྲི་821.43མངོན་འགྱུར་བྱུང་བ་རེད། རྫ་ཡུལ་རྫོང་གིས་འཁྲི་སྐྱེས་ཤ་མོ་མུའུ་2240འདེབས་འཛུགས་ཁྱབ་གདལ་བཏང་ཞིང་། 2024ལོ་ནས་བཟུང་མང་ཚོགས་3000ལྷག་ཙམ་ལ་འབབ་འཕར་སྒོར་ཁྲི་500ལྷག་ཙམ་ཡོང་བར་སྐུལ་ཁྲིད་ཐུབ་ཡོད།
ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས“སྐྱེ་ཁམས་ཐོན་ལས་ཅན་དང་ཐོན་ལས་སྐྱེ་ཁམས་ཅན”གྱི་རྩ་དོན་དང་འཕེལ་རྒྱས་ཀྱི་བསམ་ཕྱོགས་མཐའ་འཁྱོངས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་འདེབས་འཛུགས་ལས་རིགས་དང་། གསོ་སྤེལ་ལས་རིགས། ནགས་གསེབ་དཔལ་འབྱོར། ཡུལ་སྐོར་ཞབས་ཞུ་ལས་རིགས་བཅས་གཙོ་གནད་དུ་བྱས་ཏེ། ནགས་ཚལ་ཐོན་ཁུངས་སྲུང་སྐྱོང་དང་བེད་སྤྱོད་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་ཡིག་ཆ་མང་པོ་སྔ་རྗེས་སུ་བཏོན་པ་དང་། སྲིད་ཇུས་ཁག་གི་ཁེ་སྤོགས་མུ་མཐུད་མང་དུ་བཏང་བ། སྐྱེ་ཁམས་སྲུང་སྐྱོང་དང་ཐོན་ལས་འཕེལ་རྒྱས་སྦྲེལ་མཐུད་བྱེད་པའི་དཀའ་གནད་རིམ་བཞིན་བསལ་ནས། ནགས་ལས་ཐོན་ལས་ལ་སྤྱིའི་ཆ་ནས་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་མངོན་ཡོད།
འབྲེལ་ཡོད་གསར་འགྱུར།