དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • རྩི་ཤིང་གཡུ་ལོ་ཐགས་སུ་བཀྲ ས་མཐོར་ཕན་བདེ་འཛད་མེད་བསྐྲུན།

    ​རང་ལྗོངས་ཀྱི་ནགས་ཚལ་དང་རྩྭ་ཐང་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།  ཀྲུང་གོའི་བད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-02-22

    ཉེ་བའི་ལོ་ཤས་རིང་། ལྗོངས་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་ཁོངས་གཏོགས་ཀྱིས་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭས་མཚོན་པའི་རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་བྱ་སྤྱོད་ཚན་རིག་དང་མཐུན་པའི་སྒོ་ནས་སྤེལ་བ་དང་། ནགས་ཚལ་དང་རྩྭ་ཐང་ལ་སྲུང་སྐྱོང་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་བཏང་ནས། ལྗོངས་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཧུར་ཐག་བཏོད་པ་རེད།

    ཤིང་འཛུགས་ནགས་བཟོ་བྱས་ཏེ་ས་མཐོའི་རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་ལ་སྐུལ་འདེད་བརྟན་པོ་བཏང་བ།

    དགུན་དུས་ལྷོ་རིའི་སྤྱི་གླིང་གི་གང་སར་ཐང་ཤིང་གིས་ཁེངས་ནས་གཡུ་ལོ་ཐགས་སུ་བཀྲ་བ་ཞིག་ཡོད་ཅིང་། དེའི་ཁྲོད་དུ་གསོམ་ཤིང་དང་ཤུག་སྡོང་ཆེན་པོ་དག་སྐྱེ་སྟོབས་རབ་ཏུ་རྒྱས་ནས་རྒྱང་རིང་ནས་བལྟས་ན་རླུང་བུས་གཡོ་བཞིན་མཆིས།

    “ཁྱེད་རང་གཟིགས་དང་། ད་ཆ་གང་སར་ལྗོན་ཤིང་བཙུགས་ཡོད”ཅེས་ལྷ་ས་གྲོང་ཁྱེར་ལྷོ་རིའི་སྤྱི་གླིང་གི་བདེ་འཇགས་འགན་འཁུར་བ་དང་ནགས་སྲུང་བ་བཀྲ་ཤིས་ཆོས་འཕེལ་གྱིས་ལྷོ་རིར་མཛུབ་མོ་བཙུགས་ནས་སྤོབས་སེམས་ཆེན་པོས་བཤད། ད་ཆ་ལྷོ་རིའི་སྤྱི་གླིང་དུ་ལྗོན་ཤིང་སྣ་ཚོགས་སྐྱེས་པ་དང་ཟམ་ཆུང་འོག་ཏུ་ཆུ་མོ་ཤང་ཤང་དུ་རྒྱུག་གི་ཡོད་པས། གྲོང་མི་དང་ཡུལ་སྐོར་བ་དེ་གར་ཡོང་རྒྱུར་དགའ་ལ་མི་ཚོགས་མང་དུས་སུ་ཉིན་རེར་སྤྱི་གླིང་དུ་མི་ཐེངས་ཁྲི་2ལྷག་ཙམ་ཟིན་གྱི་ཡོད།

    ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་དེ་རང་ལྗོངས་ཀྱི་གཞི་ཁྱོན་ཅན་གྱི་རི་ལྡེབས་ནགས་བཟོའི་སྐྱེ་ཁམས་སླར་གསོའི་ལས་གྲྭ་གལ་ཆེན་དང་པོ་ཡིན་པའི་ངོས་ནས་2021ལོར་ལས་གྲྭ་འགོ་བཙུགས་པ་དང་། འཆར་གཞི་ལྟར་ན་ལོ་བཅུའི་རིང་རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་རྒྱ་ཁྱོན་མུའུ་ཁྲི་206.72ལེགས་གྲུབ་བྱས་ཏེ“ལོ་ལྔའི་ནང་རི་ཀླུང་སྔོ་ལྗང་དུ་འགྱུར་བ་དང་ལོ་བཅུའི་ནང་ལྷ་ས་སྔོ་ལྗང་དུ་འགྱུར་བའི”བསམ་བཀོད་མངོན་འགྱུར་བྱ་རྒྱུ་རེད། མིག་སྔའི་བར་ནགས་བཟོ་རྒྱ་ཁྱོན་མུའུ་ཁྲི་110.87བྱས་ཏེ་ཡོ་འབོག་དང་། ཐང་ཤིང་། རྒྱལ་རྩེའི་གླ་ཚེར། དར་སྤུ་སེ་རྒོད་སོགས་སྡོང་ཕྲུག་སྣ་ཚོགས་རྐང་དུང་ཕྱུར་1.25ལྷག་ཙམ་བཙུགས་ཡོད།

    ཚན་རིག་དང་མཐུན་པའི་འཆར་འགོད་བྱས་ཏེ་རྩྭ་ཐང་སླར་གསོ་བཅོས་སྐྱོང་གི་ལས་དོན་ཤུགས་ཆེན་སྤེལ་བ།

    ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་གི་འབྲོག་པའི་ངོས་ནས་བརྗོད་ན། རྩྭ་ཐང་ནི་ཁོང་ཚོའི་མི་རབས་ནས་མི་རབས་བར་བརྟེན་སའི་འབྲོག་ར་རེད། དེར་བརྟེན། རྩྭ་ཐང་སླར་གསོ་དང་ས་རྒོད་བསྐྱར་སྤྱོད་བྱེད་པ་ནི་སྣ་དཀར་རྩེའི་ནགས་ཚལ་དང་རྩྭ་ཐང་ལས་དོན་པ་མི་རབས་མང་པོའི་ཕྲག་ཐོག་གི་འགན་འཁྲི་ལྕི་པོ་ཞིག་ཏུ་གྱུར་ཡོད།

    ཉེ་བའི་ལོ་ཤས་རིང་། སྣ་དཀར་རྩེ་རྫོང་གིས་ཆ་སྙོམས་ལོ་རེར་རྩྭ་སོན་སྤྱི་རྒྱ་ཁྲི་5ལྷག་ཙམ་བཏབ་པའི་དུས་མཚུངས་སུ་ལེ་ལག་ཚང་བའི་ར་སྐོར་སོགས་སྒྲིག་བཀོད་དང་སྒྲིག་ཆས་བཙུགས་ནས་འབྲོག་ལས་དང་རྩྭ་ཐང་གི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་འགན་ལེན་བྱས་ཡོད། ལྷག་པར་དུ“ལོ་ལྔ་ཚན་བཅུ་བཞི་པ”ཚུན། རྒྱལ་ཁབ་ཀྱི་མ་དངུལ་གྱི་རྒྱབ་སྐྱོར་ལ་བརྟེན་ནས་སྐྱེ་ཁམས་སླར་གསོ་དང་བཅོས་སྐྱོང་དང་དེ་བཞིན་བྱེ་འགོག་བྱེ་འཇགས་ཀྱི་ལས་གྲྭ་སོགས་སྤེལ་བས། དེ་གར་བཏང་བའི་མ་དངུལ་ཚང་མ་ས་མཐོའི་ཡུལ་གྱི་སྔོ་ལྗང་རྩི་ཤིང་དུ་གྱུར་ཡོད།

    ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱིས་ལྗོངས་ཡོངས་ཀྱི་གཙོ་གནད་ས་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོའི་ལས་གྲྭ(རྩྭ་ཐང)དང་དེ་བཞིན་ཞན་འགྱུར་རྩྭ་ཐང་སླར་གསོ་བཅོས་སྐྱོང་རྣམ་གྲངས་ལ་ཀྲུང་དབྱང་ནོར་སྲིད་ཀྱི་བཀོད་གཏོང་བྱེད་ཤུགས་ཆེ་རུ་བཏང་ནས། རྣམ་གྲངས་ཀྱི་གསལ་ཐོ་བཟོ་བ་དང་འགན་འཁྲིའི་ལས་བགོས་ལྟར། དུས་བཀག་ནང་རྣམ་གྲངས་ཀྱི་འཕེལ་རིམ་གནས་ཚུལ་བཀོད་གཏོང་བྱས་ཏེ་གྲོང་ཁྱེར་དང་ས་གནས་ཁག་གིས་ལག་བསྟར་མྱུར་ཚད་མགྱོགས་སུ་གཏོང་རྒྱུར་ལྟ་སྐུལ་དང་མཛུབ་ཁྲིད་བྱས་ཡོད། རྣམ་གྲངས་ཀྱི་གསལ་ཐོ་གསེད་བཀྲོལ་བྱས་ཏེ་རྒྱལ་ཁབ་ཀྱིས་སྒྲུབ་སྐུལ་དང་། མྱུར་ཚད་རྗེས་ལུས་ཚབས་ཆེན་ཐེབས་པ། མ་འཇོག་ཅུང་མང་བ་བཅས་ཀྱི་རྣམ་གྲངས་ཁག་གཅིག་ལ་སྒྲུབ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་རྣམ་གྲངས་ལག་བསྟར་གྱི་མྱུར་ཚད་ལ་སྐུལ་འདེད་མགྱོགས་པོ་བཏང་ཡོད།

    ཞན་འགྱུར་རྩྭ་ཐང་སླར་གསོ་བཅོས་སྐྱོང་བྱེད་པའི་བརྒྱུད་རིམ་ནང་ཚན་རྩལ་གྱི་ནུས་པ་གལ་ཆེན་ཐོན་ཡོད། ཚན་ཞིབ་མི་སྣ་རྩྭ་ཐང་གི་འཐབ་ས་དང་པོར་ཧུར་ཐག་བསྐྱོད་ནས་ཚན་རིག་ཞིབ་འཇུག་དང་ལག་རྩལ་གསར་གཏོད་འབོར་ཆེན་བྱས་ཤིང་། བོད་ཀྱི་རྩྭ་ཐང་གི་ཁྱད་ཆོས་དང་ཉམས་ཞན་ཚད་གཞི་གཞིར་བཟུང་། དམིགས་སའི་རང་བཞིན་ལྡན་པའི་སླར་གསོ་བཅོས་སྐྱོང་གི་ཇུས་གཞི་བཟོས་ཡོད། སྔོན་ཐོན་གྱི་རྩྭ་ས་ལེགས་སྒྱུར་གྱི་ལག་རྩལ་དཔེར་ན། རྨོས་མི་དགོས་པའི་གསབ་འདེབས་དང་། ལུད་རྒྱག་པ། ཆུ་འདྲེན་པ་སོགས་བྱས་ཏེ་རྩྭ་སའི་ཐོན་སྐྱེད་ནུས་ཤུགས་ཆེ་རུ་དང་སྔོ་ཁེབས་ཁྱབ་ཚད་མཐོ་རུ་བཏང་ཡོད། དེ་དང་ཆབས་ཅིག དེང་རབས་ཀྱི་ཆ་འཕྲིན་ལག་རྩལ་སྤྱད་དེ་རྩྭ་ཐང་གི་སྐྱེ་ཁམས་ལ་དུས་ཐོག་ལྟ་ཞིབ་ཚད་ལེན་དང་དཔྱད་དཔོག་བྱས་ནས་ཚན་རིག་དང་མཐུན་པའི་ཐབས་ཇུས་འགོད་པར་གཞི་འཛིན་ས་མཁོ་འདོན་བྱས་ཡོད།

    གཞན་ཡང་། རྒྱ་ཆེའི་འབྲོག་པ་མང་ཚོགས་ཚོས་སྲིད་གཞུང་གི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ནས་རང་འགུལ་ངང་ཞན་འགྱུར་རྩྭ་ཐང་སླར་གསོ་བཅོས་སྐྱོང་ལས་དོན་ནང་ཞུགས་ཡོད། ཁོང་ཚོས་ཚན་རིག་དང་མཐུན་པའི་ངང་ཕྱུགས་ཟོག་འཚོ་སྐྱོང་བྱས་ཏེ་རྩྭ་ཐང་སོར་ཆུད་སྐྱེ་འཕེལ་ཡོང་བར་ཆ་རྐྱེན་བསྐྲུན་པ་དང་། ད་དུང་འབྲོག་པ་མང་པོ་ཞིག་རྩྭ་ཐང་གི་སྐྱེ་ཁམས་སླར་གསོའི་རྣམ་གྲངས་ལ་ཧུར་ཐག་ཞུགས་ནས། རྩྭ་འདེབས་པ་དང་ལུད་རྒྱག་པ་སོགས་ཀྱི་བྱ་ཐབས་བརྒྱུད་རྩྭ་ཐང་སླར་གསོ་ཡོང་བར་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་ཕུལ་ཡོད།

    ནགས་ཚལ་དང་རྩྭ་ཐང་ཐོན་ཁུངས་སུ་བྱས་ནས་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་བཏང་བ།

    ཀོང་པོའི་གནའ་བོའི་གྲོང་ཚོ་བྱེ་པ་གྲོང་ཚོ་ནི་རྒྱལ་ཁབ་ཀྱི་5Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་བྲག་གསུམ་མཚོའི་འགྲམ་དུ་ཆགས་ཤིང་། དགུན་དུས་ཁ་བ་བབས་རྗེས་གདོད་མའི་ནགས་ཚལ་ཡོངས་ཁ་བས་བཀླུབས་ཏེ་ཉི་འོད་འོག་དཀར་ཞིང་གཙང་ལ་འོད་མདངས་འཚེར་བ་དང་། རི་མོ་ཇི་བཞིན་ཧ་ཅང་ལྟ་ན་སྡུག་པ་ཞིག་ཡོད།

    འོན་ཀྱང་། ལོ་20ལྷག་ཙམ་གྱི་གོང་དུ་བྱེ་པ་གྲོང་ཚོའི་ཡུལ་མིས་ཤིང་བཅད་དེ་འཚོ་བ་སྐྱེལ་གྱི་ཡོད། “ཤིང་སྡོང་ཇི་ཙམ་བཅད་པ་དེ་ཙམ་གྱིས་ཉུང་དུ་འགྲོ་གི་རེད། འོན་ཀྱང་སྐབས་དེ་དུས་ཡུལ་མི་མང་པོ་ཞིག་གིས་ཤིང་བཅད་ནས་ཡོང་འབབ་གསོག་གི་ཡོད”ཅེས་བྱེ་པ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ནོར་གཡང་གིས་དྲན་གསོ་བྱེད་བཞིན་བཤད། 2005ལོར། སྲིད་གཞུང་སྡེ་ཚན་གྱིས་ཤིང་གཅོད་མི་ཆོག་པའི་བཀའ་རྒྱ་བཏང་བ་དང་འབྲེལ། སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་བཏང་ནས་རང་བྱུང་གི་སྐྱེ་ཁམས་སྲུང་བཅད་དེར་སྲུང་སྐྱོང་བྱེད་དགོས་པའི་ཁྲིད་སྟོན་བྱས་པ་རེད།

    2017ལོར། སློབ་ཆེན་སློབ་མ་ཞིག་བྱེ་པ་གྲོང་ཚོར་ལས་གཏོད་བྱེད་པར་ཡོང་ནས་གྲོང་ཚོའི་ནང་གི་སྤུས་ལེགས་དམངས་སྲོལ་གནས་ཚང་དང་པོ་སྟེ་ཚངས་དབྱངས་དམངས་སྲོལ་གནས་ཚང་བཙུགས་པ་རེད། “དེང་རབས་ཀྱི་འདུ་ཤེས་ལྡན་པའི་དམངས་སྲོལ་གནས་ཚང་དེས་བོད་བཟོའི་ཤིང་ཁང་གི་ཉམས་འགྱུར་དང་ཡུལ་སྐོར་བར་མཁོ་བའི་སྐྱིད་སྣང་དོད་པའི་ཞབས་ཞུ་ཟུང་འབྲེལ་བྱས་པས། དེ་མ་ཉིད་དུ་སྐད་གྲགས་ཆོད་སོང”ཞེས་ནོར་གཡང་གིས་བཤད། ཡང་ཁོང་གིས“ད་ཆ། གྲོང་ཚོ་ཡོངས་སུ་དམངས་སྲོལ་གནས་ཚང་70ལྷག་ཙམ་དང་ཇ་ཁང་20ལྷག་ཙམ་ཡོད་པས། ཡུག་སྦྲེལ་ཡུལ་སྐོར་ཞབས་ཞུའི་ཁུལ་ཞིག་ཆགས་ཡོད། ཡུལ་སྐོར་བ་གྲོང་ཚོར་ཡོང་སྐབས་སྐྱེ་ཁམས་དོས་ལམ་བརྒྱུད་རང་བྱུང་ཁམས་ཉམས་ལེན་བྱེད་ཐུབ་ལ། བོད་ཟས་ཞིམ་པོའི་བྲོ་བ་ཡང་མྱོང་ཐུབ་པ་མ་ཟད། ཕྱིར་ལོག་སྐབས་ད་དུང་བེ་ཤྭ་དང་ར་མོ་ཤག་ཆེན་སོགས་ནགས་ཁྲོད་ཀྱི་ཁྱད་ལྡན་ཐོན་རྫས་ཀྱང་ཉོ་ཐུབ་ཀྱི་ཡོད”ཅེས་བཤད།

    དེ་དང་ཆབས་ཅིག གྲོང་ཚོའི་ནང་གི་ཏང་ཡོན་དང་མང་ཚོགས་ཚོས་ད་དུང་དུས་བཀག་ལྟར་མཐའ་འཁོར་དུ་སྐོར་སྲུང་བྱེད་པར་བསྐྱོད་ཅིང་། གད་སྙིགས་སྒྲུག་པ་དང་ནགས་རི་སྲུང་སྐྱོང་བྱེད་པ་དེ་རིམ་བཞིན་རྒྱུན་གཏན་འཚོ་བའི་གོམས་གཤིས་སུ་གྱུར་ནས་སྐྱེ་ཁམས་ཕྱུག་འགྱུར་གྱི་ལས་དོན་བརྟན་པོ་སྤེལ་བཞིན་ཡོད།

    ལྷ་སའི་ལུང་གཞུང་དུ་སྔོ་ཐིང་ངེར་གནས་པའི་ནགས་ཤིང་ནས་བྱང་ཐང་དུ་ཅི་དགར་རོལ་བའི་ཁྲུང་ཁྲུང་བར་དང་། ཡར་ཀླུང་གཙང་པོའི་ལྗང་མདོག་ཁྱམས་རིང་ནས་ས་མཐོའི་སྐྱེ་ཁམས་ཡུལ་སྐོར་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པའི་བར། བོད་ཀྱིས“སྲུང་སྐྱོང་ཨང་དང་པོར་འཇོག་པའི”འགན་འཁྲི་འཁུར་སེམས་དང“ལྗང་མདོག་འཕེལ་རྒྱས་གཏོང་བའི”བློ་གྲོས་ལ་བརྟེན་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་པོ་བསྐྲུན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།