རི་སྔོན་ཆུ་དྭངས་སྲུང་སྐྱོང་བྱས། གསེར་རི་དངུལ་རི་མཉམ་དུ་སྐྲུན།
ཆབ་མདོའི་དཔལ་འབྱོར་གསར་སྤེལ་ཁུལ་འཕེལ་རྒྱས་སྐོར་གྱི་དངོས་བྲིས།

འདི་ནི་ཆབ་མདོ་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་དཔལ་འབྱོར་གསར་སྤེལ་ཁུལ་ཡན་ལག་ཅུས་ཀྱི་ལས་དོན་པས་ཁེ་ལས་སུ་བསྐྱོད་ནས་ཁོར་ཡུག་སྲུང་སྐྱོང་ཐད་ཞིབ་བཤེར་བྱེད་བཞིན་པ།
ད་ཕན་ལོ་ཤས་རིང་། ཆབ་མདོའི་དཔལ་འབྱོར་གསར་སྤེལ་ཁུལ་གྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དོན་འཁྱོལ་དང་། སྐྱེ་ཁམས་ལ་བརྟེན་ནས་གླིང་ཁུལ་འཛུགས་རྒྱུ་མཐའ་འཁྱོངས། བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་འཇོག་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་པ། ས་མཐོའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་ལྗང་མདོག་གླིང་ཁུལ་ནུས་ཤུགས་ཡོད་རྒུས་གཏོད་པ་བཅས་བྱས་ནས། ཐོན་ལས་དང་སྐྱེ་ཁམས་ཞི་མཐུན་མཉམ་གནས་ཀྱི་རྣམ་པ་གསར་རྐྱང་ཞིག་བཏོད་ཡོད་པ་རེད།
སྐྱེ་ཁམས་ལ་བརྟེན་ནས་གླིང་ཁུལ་བཙུགས་པ། ལྗང་མདོག་འཕེལ་རྒྱས་ཀྱི་སྲུང་བཅད་བརྟན་པོ་བསྐྲུན་པ།
ཆབ་མདོའི་དཔལ་འབྱོར་གསར་སྤེལ་ཁུལ་གྱི་འཆར་འགོད་བསྐྲུན་མ་ཐག་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་བླང་བྱ་གླིང་ཁུལ་འཕེལ་རྒྱས་ཀྱི་རྩ་བ་དང་མཉམ་འདྲེས་བྱས་ཤིང་། གླིང་ཁུལ་འཛུལ་བའི་འགག་སྒོ་ནན་པོ་སྲུང་བ་དང་ཐོན་ཁུངས་ཟད་གྲོན་གྱི་ཡས་མཐའ་དང་། ཁོར་ཡུག་སྤུས་ཚད་ཀྱི་མཐའ་ཚད། སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་བཅས“གློག་ཆེན་གསུམ”ནན་པོར་བསྲུངས་པས། ནང་འདྲེན་བྱས་པའི་ཁེ་ལས་1900ལྷག་ཙམ་ཁྲོད“མཐོ་བ་གསུམ”གྱི་ཁེ་ལས་གཅིག་ཀྱང་མེད་པ་དང་ལག་ལེན་བསྟར་བའི་རྣམ་གྲངས་ལ“མཐོ་བ་གསུམ”ཁྲོད་དུ་རྣམ་གྲངས་གཅིག་ཀྱང་མེད་པ་རེད།
ཏང་འཛུགས་སྐྱོང་ལ་བརྟེན་ནས་ཁོར་ཡུག་བཅོས་སྐྱོང་གི་ལག་ལེན་དང་གླིང་ཁུལ་གྱི་རྣམ་པ་ལེགས་སུ་གཏོང་བར་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། དུས་བཀག་ལྟར་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་ཁོར་ཡུག་འཕྲོད་བསྟེན་གྱི་བཅོས་སྒྲིག་བྱ་སྤྱོད་སྤེལ་ཞིང་། “ལམ་དུམ་འགན་གཙང་ལེན་པ་དང་ཐོབ་ཐང་འདོན་པའི”བྱེད་སྟངས་སྤྱད་ནས་འགན་འཁྲིའི་ས་ཁོངས་ཕྱེ་བར། རིམ་རྩིས་བརྒྱབ་ན་རིགས་ཁག་གི་གད་སྙིགས་ཏུན་20གཙང་སེལ་བྱས་པ་དང་། གཙང་མ་མེད་པའི་ཁུག་ཆ་40ལྷག་ཙམ་རྦད་དེ་གཙང་ཕྱག་བྱས་པ། གད་སྙིགས་བླུགས་ས་5ཚད་ལྡན་དུ་བཏང་ཡོད་པ་རེད།
དམངས་ཡོངས་ཀྱི་འོས་འགན་ཤིང་འཛུགས་རྒྱུན་རྣམ་ཅན་གྱི་སྒོ་ནས་སྤེལ་བར་སྐུལ་འདེད་ཧུར་ཐག་བཏང་སྟེ། “མི་ཚང་མས་སྡོང་རྐང་རེ་འཛུགས་པ”དེ“མི་རབས་ནས་མི་རབས་བར་ནགས་ཚལ་སྲུང་བའི”བྱ་སྤྱོད་དུ་རང་རྟོགས་ངང་བསྒྱུར་ཞིང་། རིམ་རྩིས་བརྒྱབ་ན་སྡོང་ཕྲུག་1600ལྷག་ཙམ་བཙུགས་ཡོད་པ་རེད། གླིང་ཁུལ་གྱི་གྲོང་སྲིད་འགྲོ་ལམ་འཛུགས་སྐྲུན་དང་ཟུང་འབྲེལ་གྱིས་འགྲོ་ལམ་ཉེ་འཁོར་ཕྱོགས་ཡོངས་ནས་སྔོ་འགྱུར་བྱས་པས་སྔོ་འགྱུར་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་5ཟིན་ཡོད་པ་རེད།
ཐོན་ལས་ལ་བརྟེན་ནས་མཐུན་རྐྱེན་སྦྱར་བ། ལྗང་མདོག་འཕེལ་རྒྱས་ཀྱི་ཐབས་ལམ་རྒྱ་ཆེར་བཏང་བ།
ཆབ་མདོའི་དཔལ་འབྱོར་གསར་སྤེལ་ཁུལ་གྱིས“རི་སྔོན་ཆུ་དྭངས་གསེར་རི་དངུལ་རི་ལས་ལྷག་པའི”འདུ་ཤེས་བརྟན་པོར་བཙུགས་ཏེ། “སྐྱེ་ཁམས+”གཙོ་བོར་བྱེད་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་ཧུར་ཐག་བཏོད་ནས“ཕུན་སུམ་ཚོགས་པའི་ཐོན་ཁུངས”དེ“དཔལ་འབར་བའི་དཔལ་འབྱོར”དུ་བསྒྱུར་བའི་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་ཡོད་པ་རེད།
ཆབ་མདོའི་དཔལ་འབྱོར་གསར་སྤེལ་ཁུལ་གྱིས་སྔ་རྗེས་སུ་ཏ་ཐང་བོད་ལྗོངས་ཐོན་ཁུངས་གསར་སྤེལ་ཚད་ཡོད་ཀུང་སིས་ཆབ་མདོའི་ཏ་ཐང་བོད་ཤར་ལྷོའི་ནུས་རྒྱུ་གཙང་མའི་རྟེན་གཞིའི་ཐོན་ལས་གླིང་དང་མཉམ་དུ་ཀྲུང་གོའི་ཀྲུང་ཁྲེ་ཁེ་ལས་དང་དམིགས་བསལ་གློག་སྒྱུར་བཟོ་སྐྲུན་ཁེ་ལས་སོགས་ཐོན་ལས་འཁོར་འབྲེལ་གྱི་སྣེ་འདྲེན་ཁེ་ལས་ཁག་བདེ་བླག་ངང་ནང་འདྲེན་བྱས་པ། “རྟེན་གཞི་གཅིག་དང་ལྟེ་གནས་བཞི”ཧུར་ཐག་བཏོད་པ་བརྒྱུད། འོད་ཤུགས་དང་རླུང་གློག་སོགས་ནུས་རྒྱུ་གཙང་མའི་སྒྲིག་ཆས་ཡུལ་དེ་རང་ནས་ཉོ་སྒྲུབ་བྱས་ཏེ། ཆབ་མདོའི་དཔལ་འབྱོར་གསར་སྤེལ་ཁུལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ལྗང་མདོག་གི་སྒུལ་ཤུགས་བསྣན་ཡོད་པ་རེད།
འཁོར་རྒྱུག་ཅན་གྱི་སྒྱུར་བཀོད་བྱ་རྒྱུ་དམ་འཛིན་བྱ་གཞི་གཙོ་བོར་བྱས་ནས“ཐོན་ལས་གཅིག་སྡུད་འཕེལ་རྒྱས་དང་། ཐོན་ཁུངས་བེད་སྤྱོད་ནུས་ཆེ། ཁོར་ཡུག་མཛེས་ཤིང་གཙང་བ། སྐྱེ་ཁམས་འཁོར་རྒྱུག་བཟང་བ”བཅས་ཀྱི་ལྗང་མདོག་འཕེལ་རྒྱས་ཀྱི་མ་ལག་བཏོད་དེ། ས་མཐོའི་ཁྱད་ལྡན་ཐོན་ལས་ཀྱི་གྲོང་གསར་འཛུགས་སྐྲུན་ཐད་སྒུལ་ཤུགས་ཆེན་པོ་བསྣན་ཡོད། “འདེབས་འཛུགས་དང་། ཞིབ་སྤེལ། ཐོན་སྐྱེད། ཐོན་ཁུངས་ཅན”བཅས་ཀྱི་བརྒྱུད་རིམ་ཧྲིལ་པོའི་སྐྱེ་དངོས་སྨན་རྫས་འཁོར་འབྲེལ་བཏོད་པ་དང་། དེ་བཞིན་འོད་ཤུགས་དང་རླུང་གློག་སྒྲིག་ཆས་བཟོ་སྐྲུན་གཙོ་བོར་བྱེད་པའི་ནུས་རྒྱུ་གཙང་མའི་འཁོར་འབྲེལ་དང་སྲ་གཟུགས་སྙིགས་རོའི་ཕྱོགས་བསྡུས་བེད་སྤྱོད་འཁོར་འབྲེལ་འཕེལ་རྒྱས་ཤུགས་ཆེན་བཏང་བས། ཐོན་ལས་རིམ་སྤོར་དང་སྐྱེ་ཁམས་ལེགས་གཏོང་མཉམ་དུ་མངོན་འགྱུར་ཐུབ་ཡོད་པ་རེད།
ཁྲིམས་སྐྱོང་ལ་བརྟེན་ནས་སྲུང་སྐྱོང་བྱས་པ། ལྗང་མདོག་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་སུ་བཏང་བ།
“གལ་སྲིད་ཀུང་སི་གཅིག་པུས་དམིགས་བསལ་འཁོར་རིགས་གླས་ནས་སྨན་རྫས་ཀྱི་གད་སྙིགས་དག་རང་སྐྱོང་ལྗོངས་སྨན་རྫས་གད་སྙིགས་གཙང་སེལ་ལྟེ་གནས་སུ་དབོར་ཚེ་ཐེངས་གཅིག་ཁོ་ནར་དབོར་གླ་སྒོར་ཁྲི་5ཡན་དགོས་ཀྱི་ཡོད། ཆབ་མདོ་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་དཔལ་འབྱོར་གསར་སྤེལ་ཁུལ་ཡན་ལག་ཅུས་ཀྱིས་ང་ཚོར་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཚན་པ་དང་འབྲེལ་བ་བྱེད་རོགས་བྱས་ནས། གླིང་ཁུལ་གྱི་སྨན་རྫས་གད་སྙིགས་གཙང་སེལ་བྱེད་དགོས་པའི་ཀུང་སི་དང་སྨན་ཁང་གིས་མཉམ་དུ་མ་དངུལ་བཏང་ནས་རླངས་འཁོར་གླས་པས་དབོར་གླ་སྒོར་3000བར་ཆག་སོང”ཞེས་བོད་ལྗོངས་ཆབ་མདོ་ཀོང་ཡུས་དམངས་ཕན་སྨན་དོན་ཚད་ཡོད་འགན་འཁྲི་ཀུང་སིའི་སྤྱི་ཁྱབ་ཅིང་ལེ་གཞོན་པ་བཀྲ་ཤིས་དོན་གྲུབ་ཀྱིས་གསར་འགོད་པར་བཤད།
ཁེ་ལས་ཀྱི་ཉེན་ཡོད་སྙིགས་རོ“དབོར་དཀའ་བ་དང་། གཙང་སེལ་བྱེད་དཀའ་བ། དབོར་གླ་མཐོ་བ”བཅས་ཀྱི་དཀའ་གནད་ལ་དམིགས་ནས་ཆབ་མདོ་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་དཔལ་འབྱོར་གསར་སྤེལ་ཁུལ་ཡན་ལག་ཅུས་ཀྱིས་རང་འགུལ་ངང་བྱ་སྤྱོད་སྤེལ་ཏེ་2025ལོར་རིམ་རྩིས་བརྒྱབ་ན་ཉེན་ཡོད་སྙིགས་རོ་ཏུན་4བདེ་འཇགས་ངང་དབོར་བས། ཁེ་ལས་8ལ་དབོར་གླ་སྒོར་ཁྲི་17.32གྲོན་ཆུང་ཐུབ་པས་ཁོར་ཡུག་བདེ་འཇགས་དང་ཁེ་ལས་ཀྱི་ཁུར་པོ་ཡང་གཏོང་གཉིས་ཀ་མངོན་འགྱུར་ཐུབ་པ་རེད།
ཁྲིམས་སྐྱོང་གི་འགན་སྲུང་བརྟན་པོ་ནི་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགག་རྩའི་རྨང་གཞི་ཡིན། ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་དཔལ་འབྱོར་གསར་སྤེལ་ཁུལ་ཡན་ལག་ཅུས་ཀྱིས་བཅའ་ཁྲིམས་གནད་སྨིན་ཁྱབ་གདལ་དང་བསྟུན་མཁས་གཟབ་ནན་གྱི་ཁྲིམས་སྒྱུར་བརྒྱུད་ཁེ་ལས་ཁག་ལ་དྲང་གཞག་དང་སྐྱོན་བྲལ་གྱི་ཁོར་ཡུག་ཅིག་བསྐྲུན་ཡོད། རིགས་གཅིག་མཁས་ཅན་གདན་དྲངས་ནས་ཁེ་ལས་ཁག་ལ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲ་གཟུགས་སྙིགས་རོའི་ཁོར་ཡུག་སྦགས་བཙོག་འགོག་བཅོས་བཅའ་ཁྲིམས》དང《འཛུགས་སྐྲུན་རྣམ་གྲངས་ཀྱི་ཁོར་ཡུག་སྲུང་སྐྱོང་དོ་དམ་སྲོལ་ཡིག》སོགས་ཁྲིམས་སྲོལ་ལ་དམིགས་སའི་རང་བཞིན་གྱི་འགྲེལ་བཤད་བརྒྱབ་ཐོག ཁྲིམས་སྒྱུར་དང་མཛུབ་ཁྲིད་ཟུང་འབྲེལ་བྱེད་པའི་བྱེད་སྟངས་སྐུལ་སྤེལ་བཏང་ནས་ཁྲིམས་འགལ་བྱེད་སྤྱོད་ཆུང་ངུ་དུས་ཐོག་ཏུ་ཡོ་བསྲང་བྱས་ཏེ“ཁྲིམས་སྒྱུར་བྱེད་ཤུགས་ཆེ་བ་དང་ཞབས་ཞུར་དྲོ་སྐྱིད་ལྡན་པའི”ལྟ་འདོམས་འདུ་ཤེས་བརྒྱུད་སྤྲོད་བྱས་པ་རེད།
ཆབ་མདོའི་དཔལ་འབྱོར་གསར་སྤེལ་ཁུལ་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་དང་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་ལིའུ་གོ་ཧུའེ་ཡིས“ང་ཚོས‘སྤུས’དང‘མཛེས’ཀྱི་ཐད་མུ་མཐུད་ཤུགས་རྒྱག་པ་དང་ཆབས་ཅིག གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ‘ལྗང་མདོག’དེ་ཉིད་གླིང་ཁུལ་གྱི་མཚོན་རྟགས་མངོན་གསལ་དོད་ཤོས་སུ་འགྱུར་བར་བྱས་ཏེ། གླིང་ཁུལ་འདི་ཉིད་ཐོན་ལས་དང་སྐྱེ་ཁམས་ཞི་མཐུན་མཉམ་གནས་ཀྱི་ས་མཐོའི་མུ་ཏིག་ལྟ་བུར་ཧུར་ཐག་བསྐྲུན་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་བཅད་བརྟན་པོ་འཛུགས་པར་ཕུལ་དུ་བྱུང་བའི‘ལྗང་མདོག་གི་རྒྱུགས་ལན’འབུལ་རྒྱུ་ཡིན”ཞེས་བཤད།
འབྲེལ་ཡོད་གསར་འགྱུར།