ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་གིས་ལྗོངས་ཡོངས་ཀྱི་སྔོན་དུ་རྫོང་ཁོངས་ཀྱི་ཤང་དང་གྲོང་རྡལ་གྱི་འཐུང་ཆུའི་ཆུ་འགོར་ལྟ་ཞིབ་ཚད་ལེན་བྱས་པ།
ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་གིས་ཐོག་མཐའ་བར་གསུམ་དུ་འཐུང་ཆུའི་ཆུ་འགོ་སྲུང་སྐྱོབ་བྱ་རྒྱུ་དེ་དམངས་འཚོའི་འདུ་འགོད་གལ་ཆེན་དུ་བརྩིས་ཤིང་། 2022ལོ་ནས་བཟུང་། ཁྱོན་མ་དངུལ་སྒོར་ཁྲི་4500བཏང་སྟེ། རྫོང་ཡོངས་ལ་ཁྱབ་པའི་ཆུ་འགོ་སྲུང་སྐྱོབ་རྣམ་གྲངས་ལག་བསྟར་བྱས་པ་དང་། རིག་ནུས་ཅན་གྱི་ཞིབ་བཤེར་ཚད་ལེན་མ་ལག་བསྐྲུན་ཞིང་། རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ་9ལ་ཆུ་འགོའི་བདེ་འཇགས་སྲུང་བཅད་བསྐྲུན་ཏེ་ལྗོངས་ཡོངས་ཀྱི་སྔོན་དུ་རྫོང་ཁོངས་ཀྱི་ཤང་དང་གྲོང་རྡལ་གྱི་འཐུང་ཆུའི་ཆུ་འགོར་ལྟ་ཞིབ་ཚད་ལེན་ཐུབ་ཡོད།
རྒྱལ་ཁབ་ཀྱི་འཐུང་ཆུའི་བདེ་འཇགས་ལྟ་འདོམས་ཀྱི་བླང་བྱ་ཉིན་བཞིན་ནན་དུ་ཕྱིན་པར་བརྟེན། མི་ཐབས་ལ་བརྟེན་ནས་མ་དཔེ་ལེན་པའི་སྲོལ་རྒྱུན་བྱེད་ཐབས་ཀྱི་ལས་ཕྱོད་ཞན་པ་དང་གྲངས་གཞི་རྗེས་ལུས་ཡིན་པ་སོགས་ཀྱི་གནད་དོན་ཉིན་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད། དེར་བརྟེན་ཀོང་པོ་རྒྱ་མདའ་རྫོང་གིས་འཁོར་སྐྱོད་ཧྲིལ་པོའི་རིག་ལྡན་ལྟ་ཞིབ་ཚད་ལེན་མ་ལག་ཆ་ཚང་ཞིག་བསྐྲུན་ནས་ཆུ་ཚོད་དྲུག་རེར་རང་འགུལ་ཞིབ་བཤེར་ཚད་ལེན་ཐེངས་རེ་བྱས་ཏེ་གྲངས་གཞི་དུས་ཐོག་ཏུ་ལྟ་ཞིབ་ཚོད་འཛིན་ལས་སྟེགས་སུ་བརྒྱུད་སྐྱེལ་བྱས་པས་ཆུ་སྤུས་ལྟ་ཞིབ་ཚད་ལེན་དང་དོ་དམ་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་ཕྱིན་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར། རྫོང་རང་བབས་ཆུ་ཀ་ལ་ཀུང་སིས་ཀོང་པོ་རྒྱ་མདའ་རྫོང་གི་འཐུང་ཆུའི་ཆུ་འགོའི་ལྟ་ཞིབ་ཚད་ལེན་མ་ལག་གི་རྒྱུན་གཏན་གྱི་གཉེར་སྐྱོང་དང་སྲུང་སྐྱོབ་ལས་དོན་གྱི་འགན་འཁུར་གྱི་ཡོད། ཀུང་སིའི་སྤྱི་ཁྱབ་ཅིང་ལི་ལིའུ་ཅཱ་ཡིས་ཚན་རྩལ་ལ་བརྟེན་ནས་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་སྐུལ་འདེད་བཏང་བ་དང་ཆབས་ཅིག མི་ཐབས་འགོག་ཟོན་གྱི་སྲོལ་རྒྱུན་བྱ་ཐབས་ལ་བརྟེན་ནས་མུ་མཐུད་ཤུགས་སྣོན་བརྒྱབ་ཡོད། ལས་དོན་པས་འཆར་གཞི་ལྟར་ཆུ་ལེན་ས་དང་། བཟོ་ཁུལ་གྱི་སྒྲིག་ཆས། མདོང་ལམ། ཆུ་འགོ་བཅས་ཀྱི་ལྟ་སྐུལ་ཚོད་འཛིན་སྒྲིག་ཆས་ལ་སྐོར་ཞིབ་དང་བདག་སྐྱོང་བྱས་ཏེ་གནས་ཚུལ་མ་ཐོན་སྔོན་འགོག་བྱེད་ཀྱི་ཡོད་ཅེས་ངོ་སྤྲོད་བྱས།
“ཆུ་རྩྭ་གསོ་ཁུལ་དང་། རིག་ནུས་ཞིབ་དཔྱད་ཚད་ལེན། མི་ཐབས་འགོག་ཟོན”སོགས་བྱེད་ཐབས་ཏན་ཏིག་རབ་དང་རིམ་པ་སྤྱད་པ་བརྒྱུད། ཀོང་པོ་རྒྱ་མདའ་རྫོང་གི་འཐུང་ཆུའི་ཆུ་འགོ་སྲུང་སྐྱོབ་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ལྟ་ཞིབ་ཚད་ལེན་གྱི་གྲངས་གཞི་གསར་ཤོས་ལས་མངོན་པར། རྫོང་དེའི་ཤང་དང་གྲོང་རྡལ་གྱི་འཐུང་ཆུའི་ཆུ་འགོའི་ཆུའི་སྤུས་ཚད་100%ཟིན་ཏེ་རྫོང་ཡོངས་ཀྱི་མི་དང་ཕྱུགས་རིགས་ཀྱི་འཐུང་ཆུའི་བདེ་འཇགས་འགན་ལེན་ཐུབ་ཡོད།
འབྲེལ་ཡོད་གསར་འགྱུར།