བྱེ་ཐང་ཡངས་མོ་ནགས་ཚལ་སྟུག་པོར་གྱུར། རི་ཀླུང་ཕྱོགས་ཀུན་སྔོ་ལྗང་གོས་ཀྱིས་བརྒྱན།
ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་གིས་སྐྱེ་ཁམས་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་བཏང་ནས་དམངས་འཚོའི་བདེ་རྩ་ཆེ་རུ་བཏང་བའི་སྐོར་བཀོད་པ།
དགུན་ཐ་ཆུང་ཤར་ནས་གྲང་ཟུག་རིམ་གྱིས་སླེབས་ནའང་། ལྷུན་རྩེ་གཙང་པོའི་ངོས་གཉིས་ཀྱི་གླ་ཚེར་སྤྱི་གླིང་དུ་སྔར་བཞིན་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད། དེ་གའི་གླ་ཚེར་ནགས་ཚལ་གྱི་མཐའ་མི་མངོན་པ་དང་། གླ་ཚེར་གྱི་ཡལ་གར་འབྲས་བུ་བཏགས་ནས་མཐོང་བ་ཙམ་གྱིས་བྱུ་རུ་དམར་པོ་ལྟར་དུ་སྣང་། ས་སྲོད་ཀྱི་མཚམས་སུ། གླ་ཚེར་གསེབ་ཀྱི་ལམ་ཆུང་དུ་དལ་གྱིས་སྐྱོད་སྐབས། བསིལ་རླུང་དལ་བུར་ལྡང་བ་དང་བསྟུན་ནས་གླ་ཚེར་གྱི་དྲི་བསུང་ལམ་ལམ་དུ་འཐུལ་བཞིན་མཆིས།
ལམ་ཐག་སྤྱི་ལེ་40ལྷག་ཙམ་དང་ས་ཁྱོན་སྤྱི་ལེ་ངོས་གྲུ50ལྷག་ཙམ་ཟིན་པའི་གླ་ཚེར་ནགས་ཚལ་ནི“ཁ་བཏགས་ལྗང་ཁུ”གཡོགས་པ་འདྲ་བ་ཞིག་ཡོད། དེ་ནི་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་གི་སྐྱེ་ཁམས་ཟམ་མི་ཆད་པར་ལེགས་སུ་ཕྱིན་པའི་བདེན་དཔང་ཞིག་རེད་ལ། ལྷུན་རྩེ་བ་མི་རབས་འགས་འབད་འཐབ་ལྷོད་མེད་བྱས་ནས་སྔོ་ལྗང་ལ་བཅངས་པའི་བརྩེ་བ་ཞིག་ཀྱང་ཡིན་པ་ལས། རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་ལག་ལེན་གཏིང་ཟབ་བསྟར་ནས་སྐྱེ་ཁམས་ཀྱི་རང་མདངས་མངོན་པར་བྱས་པའི་ཕན་འབྲས་དངོས་ཤིག་ཡིན་པ་མངོན་ཡོད།
སྔོན་མ་བྱེ་རླུང་གང་སར་ལྡང་ཞིང་། ད་ཆ་སྐྱེ་ཁམས་བཟང་བའི་རྣམ་པ་མངོན་འོང་། ལྷུན་རྩེ་རྫོང་གིས“རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་བརྩོན་བྱེད་པའི”གཉལ་སྨད་ཀྱི་སྙིང་སྟོབས་སྔ་བར་ཕྱི་གསུམ་དུ་སྔོ་ལྗང་འཕེལ་རྒྱས་གཏོང་བའི་ནང་ཁྱབ་པར་བྱས་ཏེ། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་བའི་ལམ་བུར་བསྐྱོད་རྒྱུ་བློ་བརྟན་འགྱུར་མེད་ངང་མཐའ་འཁྱོངས་བྱས་ཐོག་ཚན་རིག་དང་མཐུན་པའི་འཆར་གཞི་འགོད་རྒྱུ་ཁྲིད་སྟོན་དང་། ལམ་སྲོལ་གསར་དུ་གཏོད་རྒྱུ་སྒུལ་ཤུགས། དམངས་ཡོངས་ཞུགས་རྒྱུ་རྨང་གཞི་བཅས་སུ་བྱས་པས། སྐྱེ་ཁམས་ལེགས་བཅོས་དང་ཐོན་ལས་འཕེལ་རྒྱས་གཏོང་བ་དེ་མང་ཚོགས་ལ་འབབ་འཕར་ཡོང་བ་དང་གཅིག་གྱུར་ནུས་ལྡན་བྱུང་ཡོད།
“སྔོན་ཆད་གྲོང་ཚོར་ཐལ་རླུང་འཚུབས་ནས་ལོ་ཏོག་ཀྱང་ཐལ་བས་ཁེངས་ནའང་། ད་ཆ་གང་སར་ལྗོན་ཤིང་བཏབ་པས་སྒོ་རྩ་ནས་ཡུལ་ལྗོངས་མཐོང་རྒྱུ་ཡོད”ཅེས་ལྷུན་རྩེ་གྲོང་རྡལ་སྦྲ་སྒོར་གྲོང་ཚོའི་ཡུལ་མི་ཕུར་ཚེས་ཁང་པའི་རྒྱབ་མདུན་གྱི་མུའུ་66ཙམ་ཟིན་པའི་གླ་ཚེར་ལ་ལྟ་བཞིན་མྱོང་ཚོར་ཟབ་མོའི་ངང་བཤད།
2025ལོར། སྦྲ་སྒོར་གྲོང་ཚོར་སྔོ་ལྗང་བཏབ་ནས་གསོན་ཚད་95%ཡན་ཟིན་ཡོད། དེ་ནི་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་སྐྱེ་ཁམས་སྲུང་སྐྱོང་དང་བསྐྱར་གསོར་རྒྱུན་མཐུད་ཤུགས་སྣོན་རྒྱག་དགོས་པའི་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་ལ་གཞིགས་ཏེ། “ས་ཁོངས་སྔོ་འགྱུར་དང་། ཁག་བགོས་ཇུས་བསྟར”གྱི་ཚན་རིག་དང་མཐུན་པའི་འཆར་གཞི་ལག་ལེན་བསྟར་བ་ལས་བྱུང་བ་ཞིག་རེད་ལ། གཉལ་སྨད་ཀྱི་སྙིང་སྟོབས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་པ་ལས་བྱུང་བ་ཞིག་ཀྱང་རེད།
གཉལ་སྨད་ཤང་གསར་བརྗེ་ཐང་དུ་རིག་འཛིན་དབང་རྒྱལ་གྱིས་མང་ཚོགས་ཀྱི་སྣེ་ཁྲིད་དེ་རྡོ་སྔོག་ས་སློག་དང་། དཔྱང་ཐག་བཏང་ནས་བྲག་ལ་ཆུ་ཡུར་དྲུས་པའི་འབད་འཐབ་ཀྱི་རྗེས་ཤུལ་ད་དུང་གསལ་པོར་མཐོང་རྒྱུ་ཡོད། ད་ཆ་འབད་འཐབ་ཀྱི་སྙིང་སྟོབས་དེ་ལྷུན་རྩེ་བས་སྔ་ས་ནས་ཤིང་འཛུགས་ནགས་སྲུང་གི་ནང་སྐྱེས་སྒུལ་ཤུགས་སུ་བསྒྱུར་ཡོད།
རྒྱལ་ཁབ་ཀྱི་འཚོ་རྟེན་ལས་སྤྲོད་སོགས་ཀྱི་སྲིད་ཇུས་ལ་བརྟེན་ནས་ལྷུན་རྩེ་རྫོང་གིས་ཀྲུང་དབྱང་གི་སྔོན་རྩིས་མ་དངུལ་དང་ཆེད་དོན་མ་དངུལ་སྣ་ཚོགས་ཁྱོན་སྒོར་ཁྲི་5110ལྷག་ཙམ་བརྩོན་ལེན་བྱས་ནས་རྩ་རི་གྲོང་རྡལ་གྲོང་ནག་གྲོང་ཚོའི་ནགས་ཚལ་སྐྱེ་འཕེལ་དང་། ཡུལ་སྨད་ཤང་གི་རང་བྱུང་ནགས་ཚལ་སྲུང་སྐྱོང་སོགས་གཙོ་གནད་རྣམ་གྲངས་ཁག་གཅིག་ལ་གནད་སྨིན་བཏང་བས། “གནས་སུ་བཀྲག་མདངས་འཚེར་བ་དང་། ཁྱོན་ནས་མཛེས་ལྗོངས་མངོན་པ། ངོས་ནས་ཁྱོན་ཡོངས་ལ་ཁེབས་པ”བཅས་ཀྱི་སྔོ་འགྱུར་བཀོད་པ་ཞིག་ཆགས་ཏེ། “སྐྱེ་ཁམས་ཀྱི་གདོད་མའི་རྣམ་པ”དེ་མང་ཚོགས་ཁྱིམ་གྱི་སྒོ་རྩའི་ཡུལ་ལྗོངས་ངོ་མར་གྱུར་ཡོད།
སྔོན་བྱོན་མེས་པོ་ཚོའི་དངོས་སྒྲུབ་ཀྱི་སྙིང་སྟོབས་རྒྱུན་འཛིན་བྱས་པས་ད་ཆ་ལྷུན་རྩེ་རྫོང་གིས་སྔོ་འགྱུར་རྣམ་གྲངས་ལ་སྐུལ་སྤེལ་གཏོང་རིང“འགོག་སྲུང་ཁག་ལྔར”དམ་འཛིན་ནན་པོ་བྱས་ཤིང་། ཞབས་ཞུའི་ཚན་པ་འདེམས་པར་འོས་ཐོབ་དང་བྱས་རྗེས་ལ་ལྟ་བ་དང་། འཆར་གཞི་དང་ཇུས་གཞི་ཞིང་ནང་དང་མུ་ཁར་བཀོད་ནས་དམངས་ཀྱི་འདོད་ཚུལ་ཉན་པ། ཤིང་སོན་ར་བར་འདྲེན་པར་ཕྱོགས་བཞི་ནས་མཉམ་དུ་རྩིས་ལེན་པ། ཤིང་འཛུགས་སྐབས་བརྒྱུད་རིམ་ཧྲིལ་པོར་སྤུས་ཚད་འགན་ལེན་ཡོང་བའི་ལྟ་སྐུལ་བྱེད་པ། ཡུལ་དེ་གའི་རྩྭ་རྩི་ཤིང་གི་སོན་བཟང་བདམས་ནས་མཉམ་དུ་འདེབས་རྒྱུ་ཁྱབ་གདལ་གཏོང་བ་བཅས་བྱས་ནས“འགག་སྒོ་ནན་པོར་བསྲུངས”པས་སྔོ་ལྗང་ས་མཐོར་ཁེབས་ཐུབ་པ་བྱུང་ལ། ལྷུན་རྩེའི་གླ་ཚེར་ནགས་ཚལ་ཡང“འཛམ་གླིང་ཐོག་གླ་ཚེར་གྱི་སྐྱེད་ཚལ་ཆེ་ཤོས”སུའང་གྱུར་ཡོད།
ཤིང་བཙུགས་པས་ཁོར་ཡུག་ལེགས་སུ་ཕྱིན་པ་མ་ཟད། མང་ཚོགས་ལ་སྒོ་རྩ་ནས་ཀྱང་ཡོང་འབབ་རག་ཡོད། སྔོ་འགྱུར་གྱི་བྱ་སྤྱོད་རབ་དང་རིམ་པ་གཏིང་ཟབ་སྤེལ་བ་དེས་ལྷུན་རྩེ་རྫོང་ལ་སྐྱེ་ཁམས་དང་དམངས་འཚོ་གཉིས་ཀར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། གླ་ཚེར་སྐྱེ་འཕེལ་དང་ནགས་ཚལ་བདག་སྐྱོང་སོགས་ཀྱི་རྣམ་གྲངས་ལག་ལེན་ཁྲོད། ལྷུན་རྩེ་རྫོང་གིས་རིམ་རྩིས་བརྒྱབ་ན་ས་གནས་ཀྱི་མང་ཚོགས་གླ་པ་རྒྱུག་མཁན་3887བསྡུས་པར་ངལ་ནུས་གླ་ཆ་སྒོར་ཁྲི་626སྤྲད་ཡོད།
ལོ་73ལ་སླེབས་པའི་གཉལ་སྨད་ཤང་གི་བགྲེས་སོང་སྐལ་བཟང་དོན་ལྡན་ནི་སྔོན་མ་གསར་བརྗེ་ཐང་གསར་སྦོལ་བྱེད་པའི་ནང་ཞུགས་མྱོང་མཁན་ཞིག་རེད་ལ། ད་ཆ་སྐྱེ་ཁམས་ཀྱི་ཁེ་སྤོགས་རག་མཁན་ཞིག་ཀྱང་རེད། སྔོན་མ་ལག་གཉིས་ཀྱིས་ས་རྒོད་སློག་པའི་ཞིང་ཁ་རྨོ་བསྐྱུར་ནགས་བཟོ་བརྒྱུད་མུའུ1700ཟིན་པའི་ནགས་ར་ཞིག་ཏུ་གྱུར་པ་མཐོང་སྐབས། ཁོང་གིས“ཧྲུའུ་ཅི་རྒན་གྲས་ཀྱིས་ང་ཚོའི་སྣེ་ཁྲིད་དེ་དཀའ་སྤྱད་འབད་འཐབ་བྱེད་པ་ནི་གྲོད་པ་རྒྱགས་ཆེད་རེད་ལ། ད་ཆ་རྨོ་བསྐྱུར་ནགས་བཟོ་བྱས་ནས་སྐྱེ་ཁམས་སྲུང་སྐྱོང་བྱེད་པ་ནི་འཚོ་བ་སྔར་བས་ཡག་པོ་སྐྱེལ་ཐུབ་པའི་ཆེད་དུ་ཡིན་པས་ང་ཚོ་ཚང་མས་ཡི་རངས་བྱེད་ཀྱི་ཡོད”ཅེས་བཤད།
ད་ཆ་ལྷུན་རྩེ་རྫོང་དུ་ཆར་ཆུ་འབབ་ཚད་ལོ་རེ་བཞིན་མང་དུ་འགྲོ་བ་དང་། བྱེ་རླུང་འཚུབ་པའི་གནམ་གཤིས་སྟོན་གྲངས་ཉུང་དུ་ཤུགས་ཆེན་ཕྱིན་པ། ས་ཞིང་གཤིན་པོའི་རྒྱ་ཁྱོན་ཟམ་མི་ཆད་པར་ཆེ་རུ་སོང་བ། ས་བ་ཚྭ་ཅན་ཇེ་ཆུང་དུ་འགྲོ་བ། “རྩྭ་རྩི་ཤིང་མཉམ་དུ་འདེབས་པ་དང་། རྩྭ་ལ་བརྟེན་ནས་ནགས་གསོ་དང་། ནགས་ལ་བརྟེན་ནས་བྱེ་འགོག”གི་བཅོས་སྐྱོང་བྱ་ཐབས་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། ལྷུན་རྩེ་རྫོང་གིས་གོམ་སྟབས་བརྟན་པོ་སྤོས་ནས“རི་སྔོན་ཆུ་དྭངས”ཀྱི་རང་མདངས་སྔར་བས་མངོན་པ་དང་། “གསེར་རི་དངུལ་རིའི”ཉམས་སྣང་དེ་བས་མཛེས་སྡུག་ལྡན་པར་བྱས་ཏེ། ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཤར་རྒྱུད་བྱང་འདབས་སུ་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་ས་མཐོའི་ངོ་མཚར་ཞིག་མུ་མཐུད་གཏོད་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།