དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ཞིབ་མོའི་ལས་ལ་བརྩོན་གྱུར་ན། རི་ཀླུང་སྔོ་ལྗང་བརྒྱན་པར་ངེས།

    རང་སྐྱོང་ལྗོངས་ནགས་ལས་ཚན་རིག་ཞིབ་འཇུག་ཁང་གི་ཡོན་ཀྲང་གཞོན་པ་སྐལ་བཟང་ཆོས་སྒྲོན་ལ་ཆེད་དོན་བཅར་འདྲི་ཞུས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-01-13

    ད་ལོ་ལོ་47ལ་སླེབས་པའི་སྐལ་བཟང་ཆོས་སྒྲོན་ནི་ལྷོ་ནུབ་སློབ་ཆེན་རྩི་ཤིང་འདེབས་འཛུགས་རིགས་པའི་ཆེད་ལས་ནས་ཐོན་ཞིང་། རང་སྐྱོང་ལྗོངས་ནགས་ལས་ཚན་རིག་ཞིབ་འཇུག་ཁང་དུ་སྡོང་ཕྲུག་སྐྱེ་འཚར་ལས་དོན་བསྒྲུབས་ནས་ལོ་22འགྲོ་ཡི་ཡོད། ཁོང་གིས་སྔ་རྗེས་སུ་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་རྣམ་གྲངས་10ལྷག་ཙམ་གཙོ་སྐྱོང་བྱས་པ་དང་། ཚོགས་པ་དང་མཉམ་དུ་ཤུག་སྡོང་དང་། རྒྱ་ཤུག རྒྱལ་རྩེའི་གླ་ཚེར་སོགས་ཡུལ་བབ་སྡོང་རིགས་80ལྷག་ཙམ་འདེམས་གསོ་ཁྱབ་གདལ་བཏང་བ་དང་རིམ་རྩིས་བརྒྱབ་ན་སྡོང་པོ་ཁྲི་500ལྷག་ཙམ་སྐྱོང་གསོ་བྱས་ཏེ། རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་ཆེད་སོན་རྒྱུའི་འགན་ལེན་བརྟན་པོ་ཞིག་མཁོ་འདོན་བྱས་ཡོད།

    བོད་དུ་ནགས་གསོ་བྱེད་པ་དེ་ས་ཁུལ་གཞན་དང་འདྲ་ཡི་མེད། ཞིང་ཆེན་མང་པོ་ཞིག་ཏུ་སྡོང་ཕྲུག་རི་སྟེང་དུ་བཙུགས་ཕྱིན་གསོན་གྱི་ཡོད། ལྷ་སར་སྡོང་ཕྲུག་རི་སྟེང་དུ་བཙུགས་ནས་གཡོག་བྱེད་མ་བྱས་ན་ཧ་ལམ་གསོན་ཐུབ་ཀྱི་མེད་ཅེས་སྐལ་བཟང་ཆོས་སྒྲོན་གྱིས་ངོ་སྤྲོད་བྱས།

    བོད་དུ་ནགས་གསོ་བྱེད་པར་ཡང་སྙིང་དཀའ་གནད་གང་དག་འཕྲད་ཀྱི་ཡོད་དམ་ཞེ་ན། གསར་འགོད་པས་སྐལ་བཟང་ཆོས་སྒྲོན་དང་མཉམ་དུ་སྡོང་ཕྲུག་ར་བའི་ཁྲོད་དུ་བསྐྱོད་དེ་ཁོང་གིས་བོད་དུ་ནགས་གསོ་བྱེད་པའི་བརྒྱུད་རིམ་ཁྲོད་ཀྱི“ཕར་ཆིན་རྒྱག་པའི་སྙིང་རུས”སྐོར་གྱི་གཏམ་རྒྱུད་དག་ཉན་པ་ཡིན།

    སྐལ་བཟང་ཆོས་སྒྲོན་གྱིས་བོད་དུ“ས་བབ་མཐོ་བ་དང་། གནམ་གཤིས་སྐམ་ཤས་ཆེ་བ། སྨུག་ཕྱིའི་འོད་འཕྲོ་ཤུགས་ཆེ་བ། ས་རིམ་སྲབ་པ”བཅས་ཡིན་ཁར། ལྷ་སའི་ས་བབ་སྨི་3650ཟིན་པ་དང་སྨུག་ཕྱིའི་འོད་འཕྲོས་འགྱིག་སྦུག་ཀྱང་གཙེས་ནས་ཞིབ་ཞིབ་ཆགས་ཀྱི་ཡོད་པས། ལྗོངས་ཕྱི་ནས་དབོར་ཡོང་བའམ་ཡང་ན་དྲོད་ཁང་ནང་བཏབ་པའི་སྡོང་ཕྲུག་རྣམས་དེ་བས་ཀྱང་གསོན་ཐབས་མེད་ཅེས་བཤད།

    “སྡོང་ཕྲུག་རི་སྟེང་དུ་གསོན་ཚད་མཐོ་རུ་གཏོང་ཆེད་ཤིང་སྣར་གཡོག་བྱེད་བྱེད་ཐབས་སྣ་ཚོགས་སྤྱད་ཡོད་པའི་སྐོར་གོ་ཐོས་བྱུང”ཞེས་གསར་འགོད་པས་དྲིས་པ་ཡིན།

    སྐལ་བཟང་ཆོས་སྒྲོན་གྱིས“རྩ་བ་ཚུགས་དཀའ་བ་དང་སྐྱེ་འཚར་འགོར་བའི་ཤིང་སྣར་ང་ཚོས་སྡོང་ཕྲུག་གསོ་བའི་བརྒྱུད་རིམ་དེ་དུས་མཚམས་གསུམ་ལ་དབྱེ་ཡོད། དྲོད་ཁང་ནང་འདེབས་པ་དང་། གྲིབ་བསིལ་ཁང་དུ་འཚམ་འཕྲོད་བྱེད་པ། སྐམ་སར་གསོ་བ་བཅས་གོམ་པ་རིམ་བགྲོད་བྱས་ཏེ་སྡོང་ཕྲུག་ས་མཐོའི་ཁོར་ཡུག་ལ་འཕྲོད་པར་བྱས་ནས་གསོན་ཚད་མཐོ་རུ་གཏོང་གི་ཡོད” སྐྱོན་བྲལ་གྱི་སྡོང་ཕྲུག་ཡིན་ན་གཞི་ནས་རི་སྟེང་དུ་འདེབས་ཀྱི་ཡོད་ཅེས་བཤད།

    “ཡལ་ག་རྒྱས་ཐུབ་པ་དང་། རྩ་བ་བརྟན་པོ་ཚུགས་པར་བྱེད་པ། འཚོ་བཅུད་ཁུག་མ་སྤྱད་ནས་ས་བཅུད་སྲུང་བ་བཅས་ཀྱི་ལྷུ་ཚིགས་གཅིག་ལའང་ལྷོང་གཡེང་ཤོར་ཚེ་སྡོང་ཕྲུག་སྐྱེ་འཚར་ལ་སྐྱོན་བརྒྱབ་སྟེ་སྐྱེ་འཚར་འགོར་དུ་འགྲོ་བའམ་ཡང་ན་ཐད་ཀར་སྐམ་འགྲོ་གི་ཡོད”ཅེས་སྐལ་བཟང་ཆོས་སྒྲོན་གྱིས་བཤད།

    ཁོང་གི་སེམས་ནང་སྡོང་ཕྲུག་ཚང་མ“སློབ་མ”ཞིག་དང་འདྲ་བ་སྟེ། ཤུག་སྡོང་ཆེན་པོའི་ཡལ་ག་མཉེན་མོ་ནས་མཁྲེགས་སུ་སོང་བ་དང་ཚོས་གཞི་ཤ་མདོག་ནས་རྫ་མདོག་ལ་བསྒྱུར་ན་གཞི་ནས“སློབ་ཆུང་ཐོན་པར”བརྩི་ཆོག་གི་ཡོད། རྒྱ་ཤུག་སྐྱེ་འཚར་འགོར་བས“ཡར་འཐེན་རྒྱུ་བྱུང་ན་སྙམ་གྱི་འདུག”ལོ་ལྔ་དྲུག་ཙམ་སོང་ནའང་ད་དུང་སྐྱེ་འཚར་ཡག་པོ་ཡོང་གི་མི་འདུག་ཅེས་བཤད།

    གསར་འགོད་པས་ཉེ་ལམ་རྩ་སྤོས་བརྒྱབ་པའི་ཤུག་སྡོང་ཆེན་པོ་གསོན་ཚད་ཅུང་མཐོ་རུ་ཕྱིན་ཡོད་པ་གོ་ཐོས་བྱུང་བའི་སྐོར་སྐད་ཆ་འདྲི་སྐབས། སྐལ་བཟང་ཆོས་སྒྲོན་གྱིས་དེ་ནི་ཉེ་ཆར་བོད་ལྗོངས་ནགས་ལས་ཚན་ཞིབ་ཀྱི་དོན་ཆེན་ཞིག་རེད། ང་ཚོ་དང་དབྱང་ཀྲོའུ་སློབ་ཆེན་ཚོགས་པས“སྡེ་གསུམ་གོམ་གསུམ”གྱི་རྩ་སྤོས་སྡོང་གསོའི་ལག་རྩལ་ཞིབ་འཇུག་གསར་སྤེལ་བྱས་ཏེ་རྒྱ་ཤུག་སོགས“རྩ་བ་ཚུགས་དཀའ་བའི”ཤིང་སྣ་རྩ་སྤོས་བརྒྱབ་པར་གསོན་ཚད་60%ཡས་མས་མཐོ་རུ་ཕྱིན་ནས་ས་མཐོའི་ཡུལ་བབ་སྡོང་རིགས་གསོ་འཕེལ་གྱི་འཇུར་མིག་རགས་ཙམ་བསལ་ཡོད་ཅེས་བཤད།

    དུས་མཚུངས་སྐལ་བཟང་ཆོས་སྒྲོན་གྱིས“བོད་ཀྱི་མཐོ་གྲང་ས་ཁུལ་གྱི་ཡུལ་བབ་སྡོང་རིགས་ཀྱི་ཤིང་ནགས་རིགས་རྫས་ཐོན་ཁུངས་མཛོད”བསྐྲུན་རྒྱུའི་སྣེ་ཁྲིད་དེ་མཚོ་བོད་ས་མཐོའི་རྩ་ཆེ་ལ་སྟོངས་ལ་ཉེ་བའི་ཤིང་ནགས་རིགས་རྫས390བསྡུ་རུབ་ཉར་ཚགས་བྱས་ཏེ་གྲང་ངར་འགོག་པ་དང་། ཐན་པ་འགོག་པ། སྨུག་ཕྱིའི་འོད་འཕྲོ་འགོག་པ་སོགས་ཀྱི་རང་བཞིན་ལ་གོ་རིམ་ལྡན་པའི་ངང་གདེང་འཇོག་བྱས་ནས་སོན་བཟང་འདེམས་གསོ་བྱ་རྒྱུར་རྨང་གཞི་བཏིང་ཡོད།

    སྐལ་བཟང་ཆོས་སྒྲོན་གྱི་ཚོགས་པས་ལག་ལེན་བསྟར་བའི་ལྷ་སའི་ལྷོ་རི་བྱང་རིའི་སྐྱེ་འཚར་དཀའ་བའི་སྔོ་ཁེབས་སླར་གསོའི་རྣམ་གྲངས་མུའུ་2000ལྷག་ཙམ་ཁྱབ་གདལ་བཏང་བ་དང་གསོན་ཚད་དང་གནས་ཚད་90%ཡན་ཟིན་ནས་བོད་ཀྱི་མཐོ་གྲང་ས་ཁུལ་གྱི་སྐྱེ་ཁམས་སླར་གསོའི་ཐད་དཔེ་སྟོན་དུ་འོས་པ་དང་ཁྱབ་གདལ་གཏོང་ཆོག་པའི“ལག་རྩལ་དཔེ་དབྱིབས”མཁོ་འདོན་བྱས་ཡོད།

    གསར་འགོད་པས་གོམ་སྟབས་རྗེས་མའི་དམིགས་ཚད་འདྲི་སྐབས་ཁོང་གིས་དམིགས་ས་བོད་ཀྱི་ཐང་ཤིང་དཀར་པོའི་ཐོག་བཞག་ཡོད། “ང་ཚོས་དེ་བོད་དུ་སྐྱེ་འཚར་བྱུང་བའི་སྒྲོན་ཤིང་སོགས་དང་སྦྱར་ག་རྒྱག་པ་དང་དམིགས་ཡུལ་ནི་ས་བབ་མཐོ་བར་ཐང་འབྲུ་ཐོན་ནས་ཤིང་ནགས་དཔལ་འབྱོར་གྱི་རིན་ཐང་ཆེ་རུ་གཏོང་རྒྱུ་དེ་ཡིན”ཞེས་སྐལ་བཟང་ཆོས་སྒྲོན་གྱིས་བཤད།

    རྟེན་གཞི་ནས་ཐོན་སྐབས། བཟོ་པ་ཚོས་བཅུད་ལྡན་ས་རྒྱུ་ལེགས་འདེམས་བྱེད་བཞིན་འདུག “ང་ཚོས་སྡོང་ཕྲུག་གསོ་བར་སྤྱོད་པའི་རྨང་རྫས་ལའང་སྦྱོར་སྡེབ་བྱེད་དགོས་ཀྱི་ཡོད། བཅུད་ལྡན་ས་རྒྱུ་དང་། ས་སེར། མུ་ཏིག་བྲག སྐྱེ་ལྡན་ལུད་སོགས་ཚང་མ་བསྡུར་ཚད་གཞིར་བཟུང་སྡེབ་སྦྱོར་ནན་པོ་བྱེད་དགོས་ཀྱི་ཡོད། དེ་ལྟར་བྱས་ན་སྡོང་ཕྲུག་སྐྱེ་འཚར་ཡག་པོ་ཡོང་བ་མ་ཟད་དཔལ་འབྱོར་གྱི་དངོས་ཕན་ཐོབ་ཀྱི་ཡོད། བོད་དུ་སྡོང་ཕྲུག་གསོ་བར་ལྷུ་ཚིགས་ཚང་མར་ལྷོད་གཡེང་གཏན་ནས་གཏོང་མི་ཉན”ཞེས་སྐལ་བཟང་ཆོས་སྒྲོན་གྱིས་བཤད།

    ང་ཚོ་གླེང་མོལ་བྱེད་པའི་སྐབས་སུ་སྡོང་ཕྲུག་ར་བར་རླུང་བུ་དལ་བུར་ལྡང་ཞིང་ལམ་བུའི་གཞོགས་གཉིས་ཀྱི་ཐང་ཤིང་གི་ཁབ་ལོ་ཕན་ཚུན་རྡེག་པའི་སྒྲ་གྲགས་པ་དང་། དེ་ནི“དལ་མོར་བྱོས་དང་། ལས་ཀ་ཞིབ་ཚགས་བྱས་ན་ད་གཟོད་མགྱོགས་པོ་ལས་ཀྱིས་ཡོང་ཐུབ”ཅེས་ཤུབ་ཤུབ་ཏུ་སྨྲ་བ་དང་གཉིས་སུ་མ་མཆིས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།