ལྷ་ཀླུ་འདམ་རའི་སྐྱེ་ཁམས་སླར་གསོའི་རྣམ་གྲངས་རྒྱལ་ཡོངས་ཀྱི་རི་ཆུ་ལས་གྲྭའི་དཔེ་མཚོན་ནང་ཚུད་པ།
ཉེ་ཆར། ནོར་སྲིད་པུའུ་དང་། རང་བྱུང་ཐོན་ཁུངས་པུའུ། སྐྱེ་ཁམས་ཁོར་ཡུག་པུའུ་བཅས་ཀྱིས་རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་བྱེ་མ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་ཉམས་གསོའི་ལས་གྲྭ་ཁག་གསུམ་པའི་དཔེ་མཚོན་ཁྱབ་བསྒྲགས་བྱས་ཏེ། ལྷ་ཀླུ་འདམ་ར་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྐྱེ་ཁམས་སླར་གསོའི་རྣམ་གྲངས་ནང་བདེ་བླག་ངང་ཚུད་ཡོད།
ལྷ་ཀླུ་འདམ་རའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་ཀྱི་ཅུས་ཀྲང་ལྷ་མོ་ཚེ་རིང་གིས། ལྷ་ཀླུ་འདམ་རར“ལྷ་སའི་གློ་བ”ཞེས་པའི་མཚན་སྙན་ལྡན་པ་དང“འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་གྲོང་ཁྱེར་གྱི་རང་བྱུང་འདམ་ར”ཡིན་པ་དང་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་12.2ཡོད་པ་དེས་ས་ཁོངས་ཀྱི་གནམ་གཤིས་སྙོམས་སྒྲིག་དང་། ཆུ་རྩྭ་གསོ་འཁྱོངས། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་སོགས་ལ་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་ནུས་པ་ཐོན་གྱི་ཡོད་ཅེས་ངོ་སྤྲོད་བྱས་པ་རེད། 2018ལོ་ནས་2024ལོ་བར། ལྷ་ས་གྲོང་ཁྱེར་གྱིས་མ་དངུལ་སྒོར་དུང་ཕྱུར་7.28བཏང་ནས་ལྷ་ཀླུ་འདམ་རའི་དུས་ཐེངས་གསུམ་པ་དང་དུས་ཐེངས་བཞི་པའི་སྲུང་སྐྱོང་ཉམས་གསོའི་ལས་གྲྭ་ལག་བསྟར་བྱས་ཏེ“སྐྱེ་ཁམས་ཀྱི་གྲུབ་ཚུལ་དང་། སྐྱེ་ཁམས་ཀྱི་ནུས་པ། སྐྱེ་དངོས་སྣ་མང་རང་བཞིན་བཅས”ཀྱི་རིམ་གསུམ་བཅོས་སྐྱོང་རིམ་སྤོར་མ་ལག་བཙུགས་པ་དང་། ས་ཆུ་སྲུང་འཛིན་བརྟན་དུ་གཏོང་བ་དང་། ཆུ་རྒྱུད་སྦྲེལ་མཐུད། སྐྱེ་ཁམས་གནས་སྤོ་སོགས་ཀྱི་བྱ་ཐབས་རབ་དང་རིམ་པ་བརྒྱུད་སྐྱེ་ཁམས་ཀྱི་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཕན་འབྲས་གཉིས་ཀ་ཐོན་པར་བྱས་ཡོད།
མིག་སྔར་ལྷ་ཀླུ་འདམ་རའི་སྔོ་ཁེབས་ཁྱབ་ཚད་དེ་སྲུང་སྐྱོང་ཁུལ་བཙུགས་མ་ཐག་པའི་སྐབས་ཀྱི་60%ནས་95%ཡན་བར་མཐོ་རུ་ཕྱིན་པ་དང་། ཆུ་ཁོངས་ཀྱི་རྒྱ་ཁྱོན་དུས་རབས་འདིའི་དུས་འགོ་ལས་26%ཆེ་རུ་ཕྱིན་པ། འདབ་ཆགས་རིགས་43མང་དུ་ཕྱིན་ནས་བསྡོམས་ཁྲི་1.2ལྷག་ཙམ་འཕར་ཡོད།
འབྲེལ་ཡོད་གསར་འགྱུར།