དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • རྣམ་གླིང་རྫོང་གིས་ལོ་ངོ་20ཙམ་རིང་འདབ་ཆགས་དགུན་སྒྲོལ་གྱི་གནས་བཅའ་ཡུལ་བརྟན་སྲུང་བྱས་པ།

    ​ཡར་ཀླུང་གཙང་པོའི་འགྲམ་ངོགས་སུ། ཁྲུང་ཁྲུང་སྐེ་ནག་གར་ལ་རྩེན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-01-09


    འདི་ནི་ཁྲུང་ཁྲུང་སྐེ་ནག་གིས་རྒུམ་བུ་འཐུ་བཞིན་པ།

    གནམ་གཤིས་ཇེ་གྲང་དུ་སོང་ཞིང་། ཡར་ཀླུང་གཙང་པོའི་འགྲམ་དུ་གནས་པའི་གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་ཨེ་མ་ཤང་གི་འཚོ་གནས་ཁུལ་དུ་ཁྲུང་ཁྲུང་སྐེ་ནག་མང་པོ་ཞིག་གཅིག་རྗེས་གཉིས་མཐུད་ངང་བབས།

    ས་མཐོར་སྐྱེ་འཕེལ་དང་གནས་བཅའ་བའི་ཁྲུང་ཁྲུང་གི་རིགས་འབའ་ཞིག་དང་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཡིན་པའི་ཁྲུང་ཁྲུང་སྐེ་ནག་མང་པོ་དུས་ཚིགས་ལྟར་འཛོམས་པ་དེས། ཡར་ཀླུང་གཙང་པོའི་ངོགས་སུ་ཁྱད་དུ་འཕགས་པའི་སྐྱེ་ཁམས་ཀྱི་ཉམས་བཟང་ཞིག་མི་རྣམས་ཀྱི་མིག་ལམ་དུ་མངོན་པ་མ་ཟད། ས་ཁོངས་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ལེགས་སུ་འགྲོ་བའི་གསོན་ཉམས་དོད་པའི་དཔང་པོ་ཡང་བྱས།

    “ལོ་རེའི་ཟླ་10པའི་ཟླ་མཇུག་ཏུ་ཁྲུང་ཁྲུང་སྐེ་ནག་བྱང་ཕྱོགས་ནས་འདི་གར་དགུན་སྒྲོལ་དུ་ཡོང་གི་ཡོད”ཅེས་སྐོར་སྲུང་བ་སྐལ་ལྡན་རིག་འཛིན་གྱིས་གསར་འགོད་པར་བརྗོད་པ་དང་། ཁོང་གིས“ཉེ་བའི་ལོ་ཤས་རིང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བས་གནས་བཅའ་སའི་ཁོར་ཡུག་ཀྱང་དེ་བས་ལེགས་སུ་ཕྱིན་ཡོད་ལ། དགུན་སྒྲོལ་དུ་ཡོང་བའི་ཁྲུང་ཁྲུང་སྐེ་ནག་ཀྱང་ལོ་རེ་ལས་མ་འདས་པར་མང་དུ་འགྲོ་བཞིན་ཡོད”ཅེས་བརྗོད།

    རྣམ་གླིང་ཁྲུང་ཁྲུང་སྐེ་ནག་རང་བྱུང་སྲུང་སྐྱོང་ཁུལ་ནི་2003ལོར་བཙུགས་ཤིང་། དེ་ནི་ཡར་ཀླུང་གཙང་པོའི་དབུས་རྒྱུད་གཙང་གཞུང་གི་རྒྱལ་ཁབ་རིམ་པའི་ཁྲུང་ཁྲུང་སྐེ་ནག་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཁོངས་སུ་གཏོགས་པ་དང་། སྤྱིའི་རྒྱ་ཁྱོན་མུའུ་ཁྲི་4ཙམ་ཟིན་པའི་ནང་མདོ་བརྗོད་དང་ཨེ་མ་སོགས་ཤང་ལྔ་ཚུད་ཡོད། སྔར་ནས་ད་བར་རྣམ་གླིང་རྫོང་གིས་འདམ་རའི་སྐྱེ་ཁམས་སླར་གསོའི་ལས་དོན་རྒྱུན་མཐུད་སྤེལ་བ་བརྒྱུད། སྲུང་སྐྱོང་ཁུལ་གྱི་ཆུ་ཁོངས་ཆ་རྐྱེན་བརྟན་པོ་ཡོད་པས་དུས་བྱར་གནས་བཅའ་བ་དང་རྒུམ་བུ་འཐུ་བར་འཚམ་པའི་ཁོར་ཡུག་ཅིག་བསྐྲུན་ཡོད་པ་རེད།

    དུས་བྱ་བདེ་འཇགས་ངང་དགུན་སྒྲོལ་ཐུབ་ཆེད། རྣམ་གླིང་རྫོང་གིས་ཆ་ལག་ཚང་བའི་སྲུང་སྐྱོང་མ་ལག་བསྐྲུན་ཡོད། རྣམ་གླིང་རྫོང་རང་བྱུང་ཐོན་ཁུངས་དང་ནགས་ལས་རྩྭ་ཐང་ཅུས་ཀྱི་འགན་འཁུར་བ་སུའུ་ཅན་གྱིས་ངོ་སྤྲོད་བྱས་དོན། རྫོང་གིས་སྐྱེ་ཁམས་སླར་གསོ་རྨང་གཞིར་བྱེད་པ་དང་། ལམ་ལུགས་འགན་སྲུང་འདེགས་སྐྱོར་དུ་བྱེད་པ། དམངས་ཡོངས་མཉམ་ཞུགས་སྟོབས་ཤུགས་སུ་བྱེད་པར་བརྟེན་ནས། ཡར་ཀླུང་གཙང་པོའི་རྒྱུད་ཀྱི་ཤང་དང་གྲོང་རྡལ་དུ་བདག་སྐྱོང་ས་ཚིགས་5བཙུགས་པ་དང་། ཆེད་འགན་སྐོར་སྲུང་བ་བསྡུས་ཏེ་རྒྱུན་རྣམ་ཅན་གྱི་སྐོར་སྲུང་དང་ལྟ་ཞིབ་ཚད་ལེན་བྱེད་པ་དང་སྦྲགས། ཟས་སྟེར་ས་ཡང་བཟོས་ཏེ། ཁྲུང་ཁྲུང་ཁྱུ་ཚོགས་ལ་ཟས་དང་གནས་བཅའ་སའི་ཁོར་ཡུག་བརྟན་པོ་ཞིག་མཁོ་འདོན་བྱས་ཡོད་པ་རེད།

    ད་ཆ། ཆེད་ལས་ཀྱི་སྐོར་སྲུང་ནས་ཡུལ་མིས་རང་འགུལ་ངང་ལྟ་སྐྱོང་བྱེད་པའི་བར། མཉམ་སྐྲུན་དང་། མཉམ་བཅོས། མཉམ་སྤྱོད་བཅས་ཀྱི་སྐྱེ་ཁམས་སྲུང་སྐྱོང་གི་རྣམ་པ་ཉིན་བཞིན་ཟབ་ཏུ་འགྲོ་བཞིན་ཡོད།

    ལྟ་ཞིབ་ཚད་ལེན་གྲངས་གཞི་ལས་མངོན་པར། བོད་ལྗོངས་ས་ཁོངས་ཀྱི་ཁྲུང་ཁྲུང་སྐེ་ནག་གི་གྲངས་འབོར་དུས་རབས་གོང་མར་3000མ་ཟིན་པ་ནས་མིག་སྔའི་ཁྲི་1ལྷག་ཙམ་བར་མང་དུ་ཕྱིན་ཡོད། རྣམ་གླིང་རྫོང་གི་ལོ་20ལྷག་ཙམ་རིང་གི་བརྟན་སྲུང་ནི་ལྗང་མདོག་གི་གྲུབ་འབྲས་དེ་ལྟ་བུ་ཐོབ་པའི་སྒུལ་ཤུགས་འཛད་མཐའ་མེད་པ་ཞིག་རེད། འདམ་རའི་རྒྱ་ཁྱོན་བརྟན་པོའི་ངང་ཇེ་ཆེར་འགྲོ་བ་དང་སྐྱེ་ཁམས་ཀྱི་བྱེད་ནུས་རྒྱུན་མཐུད་ལེགས་སུ་འགྲོ་བ་དང་བསྟུན་ནས། ས་གནས་དེ་གས་རྒྱང་རིང་ནས་ཡོང་བའི“ས་མཐོའི་ལྷ་བྱ”དེ་དག་ལ་ཞི་བདེ་བག་ཕེབས་ཀྱི་དགུན་སྒྲོལ་གྱི་གནས་ཤིག་མུ་མཐུད་མཁོ་འདོན་བྱ་རྒྱུ་སྨོས་མེད་རེད། 

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།